མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གིས་ལས་སྒོ་དངོས་སུ་སྤེལ་བ།

ཟླ10པའི་ཚེས24ཉིན། ཉེ་ལམ་གསར་དུ་བཙུགས་པའི་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གིས་གཞི་རིམ་རོང་འབྲོག་མང་ཚོགས་གཙོར་བཟུང་བའི་བཅའ་ཁྲིམས་ཞབས་ཕྱིའི་ལས་སྒོ་དངོས་སུ་སྤེལ་མགོ་ཚུགས།

1.jpg

ཐེངས་འདིའི་ལས་སྒོའི་སྟེང་དུ། རང་རེའི་ལས་ཁུངས་ཀྱི་ལས་མི་དང་གཞི་རིམ་གྱི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་བྱ་བའི་ཉམས་མྱོང་ཅན་གྱི་ཁྲིམས་དཔོན། ཁྲིམས་རྩོད་པ5རྩ་འཛུགས་བྱས་ཏེ། ཟི་ལིང་དང་། ཡུལ་ཤུལ། མཚོ་ལྷོ། རྨ་ལྷོ་སོགས་ནས་ཡོང་བའི་རྒྱ་བོད་དོ་བདག་པ13ལ་ཡུལ་དངོས་སུ་གཅིག་ངོ་གཅིག་སྤྲད་ཀྱི་སྒོ་ནས་རྩྭ་སའི་འགན་གཙང་ལེན་དང་། ལས་རྨས་གྱོད་དོན། ཤུལ་འཛིན་གྱོད་དོན། ཉེས་དོན། གླ་དངུལ་དུས་འགྱངས་གྱོད་དོན། དམངས་དོན་ཞུ་གཏུག་སོགས་གྱོད་དོན16ལྷག་ལ་ཆུ་ཚོད7རིང་གྱོད་གཞི་དབྱེ་ཞིབ་དང་དྲི་བར་དྲིས་ལན་བཏབ་པ་སོགས་ཀྱིས་མཚོན་པའི་བཅའ་ཁྲིམས་རོགས་སྐྱོར་གྱི་ཞབས་ཕྱི་བསྒྲུབས།

2.jpg

རྒྱུས་ལོན་པ་ལྟར་ན། མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་ནི་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཆོག་མཆན་ཐོབ་པ་བརྒྱུད་ད་ལོའི་ཟླ8པར་གསར་དུ་ཚུགས་པ་ཞིག་ཡིན་ཞིང་། བཅའ་ཁྲིམས་ཞབས་ཕྱིའི་ཁ་གཏད་ས་གཙོ་བོ་ནི་གཞི་རིམ་གྱི་རོང་འབྲོག་མང་ཚོགས་ཡིན་ལ། གནས་འདི་ན་རྒྱ་སྐད་ཀྱི་སྐད་བརྡ་མི་འཕྲོད་པའི་དོ་བདག་པར་བོད་སྐད་ཀྱིས་ལོ་ཙཱ་བྱེད་མཁན་ཡོད་པར་མ་ཟད། ཁྲིམས་འབྲེལ་གྱི་གནད་དོན་ཅི་རིགས་ལ་བློ་འདྲི་བྱེད་པ་དང་གཏུག་ཡིག་འབྲི་བ། ཁྲིམས་རྩོད་པ་གདན་འདྲེན་བྱེད་པ་བཅས་ཀྱི་ལས་ཀ་གཞི་གཅིག་ཏུ་བསྒྲུབ་ཆོག་པའི་མཐུན་རྐྱེན་ལྡན།

3.jpg

མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་གི་ཀྲུའུ་རིན་བུན་ཁྲང་རྒྱལ་གྱིས་བཤད་རྒྱུར། “ངེད་བཅའ་ཁྲིམས་ཞབས་ཕྱི་ཁང་གིས་སྔོན་གསལ་བསྒྲགས་བྱས་པའི་ལས་སྒོའི་བརྡ་ཁྱབ་ཇི་བཞིན། དུས་ལྟར་བཅའ་ཁྲིམས་ཞབས་ཕྱིའི་ལས་སྒོའི་མགོ་རྩོམ་ཐུབ་སོང་ལ། གཞི་རིམ་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཞན་པ་དང་རྒྱ་སྐད་ཀྱི་གོ་བརྡ་མི་འཕྲོད་པ་བཅས་ཀྱི་གནད་དོན་ལ་དམིགས་ཏེ། བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་བཅའ་ཁྲིམས་ཞབས་ཕྱིའི་ལས་སྒོ་འདི་སྤེལ་བ་ཡིན་པས། ཁྲིམས་འབྲེལ་གྱི་གནད་དོན་ཅི་རིགས་ལ་བློ་འདྲི་བྱེད་པའམ་གཏུག་ཡིག་འབྲི་བ། ཁྲིམས་རྩོད་པ་གདན་འདྲེན་བྱེད་པ་སོགས་གནས་གཅིག་ཏུ་སྒྲུབ་ཆོག་པའི་མཐུན་རྐྱེན་དང་སྟབས་བདེ་བསྐྲུན་ཡོད། ང་ཚོས་གཟའ་འཁོར་རེ་རེའི་གཟའ་ལྷག་པའི་ཉིན་ལས་སྒོ་འདི་མུ་མཐུད་དུ་སྤེལ་རྒྱུ་ཡིན་པར་མ་ཟད། རིམ་བཞིན་རྩ་འཛུགས་ཡོད་པའི་སྒོ་ནས་འབྲོག་ཁུལ་དང་ཞིང་སྡེ་རུ་བསྐྱོད་དེ། བཅའ་ཁྲིམས་ཞབས་ཕྱིའི་ལས་སྒོ་སྣ་ཚོགས་གཞི་རིམ་མང་ཚོགས་ཁྲོད་དུ་རྒྱ་ཆེར་སྤེལ་ནས། དོ་བདག་པའི་ཁྲིམས་མཐུན་ཁེ་དབང་ལ་ཅི་ནུས་གང་ཐུབ་ཀྱིས་སྲུང་སྐྱོབ་བྱེད་པའི་ཁྲིམས་སྐྱོང་ལས་དོན་ལ་ཧུར་བརྩོན་བྱ་རྒྱུ་ཡིན ”ཟེར།

7.jpg


 8.jpg



རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།