མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ།

2018ལོའི་ཟླ་10ཚེས་21ཉིན། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚད་མ་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་ཙོང་མཁར་ཟི་ལིང་གི་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་དུ་གཟབ་རྒྱས་ངང་འཚོགས།
ཐེངས་འདིའི་ཚོགས་འདུ་ལ་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས། ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད། མཚོ་སྔོན་མི་རིགས་སློབ་ཆེན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན། དྷི་ཚ་བཀྲ་ཤིས་ཆོས་སྡིངས། པུས་མདོ་དགོན་པ། ཀླུ་ཚང་དགོན་པ། འགར་རྩེ་དགོན་པ། ལ་མོ་བདེ་ཆེན་དགོན།པཎ་ཆེན་ཚད་མའི་སློབ་གླིང་སོགས་ཀྱི་དགེ་རྒན་ཆེན་མོ་དང་། མཁན་པོ། དགེ་བཤེས། གཞི་རིམ་གྱི་མི་རིགས་སློབ་འབྲིང་ཁག་གི་དགེ་རྒན་སོགས་བསྡོམས་པའི་མི་དྲུག་ཅུ་ལྷག་ཐེངས་འདིའི་ཚོགས་འདུར་ཞུགས་ཡོད།

1.jpg

མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བས་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ལ་མགོ་འཛིན་མཛད།

2.jpg

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཅོན་ཆི་ཀྲང་ཚོགས་ཞུགས་མཛད་པ།

3.jpg


མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆོགས་ལུགས་ཁྲུའུ་ཁྲུའུ་ཀྲང་ཧྥན་ཀྲུང་ཤོད་ཚོགས་ཞུགས་མཛད་པ།

4.jpg


མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་བཀྲ་བྷ་ཚོགས་ཞུགས་གནང་བ།

5.jpg


ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་མགོ་ཁྲིད་རྣམས་ཚོགས་ཞུགས་གནང་བ།

6.jpg


མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཚད་མ་རིག་པའི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བློ་བཟང་ཆོས་གྲགས།

7.jpg


མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་བོ་མཆོག་གིས་ཚོགས་ཆེན་གཏམ་བཤད་གནང་བཞིན་པ།

10.jpg


འགོ་ཁྲིད་དང་ཚོགས་མི་ལྷན་རྒྱས་ཀྱི་མཉམ་པར།

ཉིན་དེའི་སྔ་དྲོ་དུས་ཚོད་༩བར་ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་དང་། ཚོགས་མི་རྣམས་ཙོང་ཁ་དགོན་པའི་ཚད་རིག་ལྷན་ཚོགས་ཀྱི་ཚོམས་ཆེན་དུ་ཕེབས་ནས་མཛད་སྒོར་ཞུགས། ཐེངས་འདིའི་ཚོགས་ཆེན་སྐབས་སུ་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བས་ཚོགས་འདུའི་འགོ་འཛིན་བྱས་པ་དང་། ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ།པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ། ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་གི་དགོན་གཙོ་སྒར་བ་ངག་དབང་བཟང་བོ་མཆོག་གིས་གཏམ་བཤད་གནང་།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོས་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ལོ་གཅིག་གི་བྱ་བའི་སྙན་ཞུ་ཕུལ།  ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་ཚད་མའི་གཞུང་ལས་ཕྱོགས་སྒྲའི་སྐོར་ཡིན་པས། ཚོགས་ཆེན་གཏམ་བཤད་སྐབས་སུ་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་པོ་མཆོག་གིས་《ཚད་མ་རྣམ་འགྲེལ་གྱི་ཕྱོགས་སྒྲའི་རྩོད་པ་ལྔ་དང་དེའི་ཕྱོགས་སྔའི་རྒོལ་བ་ལ་དཔྱད་པ།》དང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟླ་བས་《རྒྱ་བོད་ཚད་མ་རིག་པའི་རྟགས་ཚུལ་དང་པོ་ཕྱོགས་ཆོས་སྐོར་གྱི་དཔྱད་བསྡུར།》དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འོད་ཟེར་རྒྱ་མཚོས་《ཚད་མའི་གཞུང་ལས་ཕྱོགས་སྒྲའི་དོགས་པ་འགའ་ལ་དཔྱད་པ།》དང་།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་སྟག་འབུམ་རྒྱལ་གྱིས་《ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་བསལ་བྱ་དཔྱད་པ།》པཎ་ཆེན་ཚད་མའི་སློབ་གླིང་གི་བློ་བཟང་རྣམ་རྒྱལ་གྱིས་ཕྱོགས་ཆོས་ཀྱི་རྩོད་པའི་སྐོར་ལ་ཅུང་ཙམ་དཔྱད་པ།》དང་། འགར་རྩེ་དགོན་པའི་དགེ་བཤེས་འགར་ཚུལ་ཁྲིམས་ཀྱིས་《ཕྱོགས་ཆོས་དང་དེའི་སྐབས་ཀྱི་རྩོད་པའི་སྐོར་གླེང་བ།》དང་། ལ་མོ་བདེ་ཆེན་གྱི་ཀུན་བཟང་རྒྱ་མཚོས་《ཕྱོགས་སྒྲའི་རྩོད་པ་ལྔའི་རིགས་པ་དང་རྩོད་ཚུལ་ལ་རོབ་ཙམ་དཔྱད་པ།》ཞེས་པའི་དཔྱད་རྩོམ་སྐོར་ནས་གཏམ་བཤད་རྒྱ་ཆེར་སྤེལ།

ཕྱི་དྲོ་ཚོ་ཆུང་གཉིས་སུ་བགོས་ནས་ཚོགས་མི་རྣམས་ཀྱིས་སོ་སོས་ཚོགས་འདུའི་བརྗོད་གཞི་ཕྱོགས་ཆོས་ཀྱི་སྐོར་ལ་བགྲོ་གླེང་རྒྱ་ཆེར་གནང་། དེ་ནས་མཚོ་སྔོན་ཚད་རིག་ལྷན་ཚོགས་ཀྱི་ཚོམས་ཆེན་དུ་མཚོ་སྔོན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་སྟག་འབུམ་རྒྱལ་དང་ཀླུ་ཚང་དགོན་པའི་ དགེ་བཤེས་བློ་བཟང་ཐབས་མཁས་ཀྱིས་ཚོ་ཆུང་སོ་སོའི་བགྲོ་གླེང་ལ་སྤྱི་སྡོམ་མཛད་པ་དང་། མཚོ་སྔོན་ཚད་རིག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོའི་དགེ་འདུན་གྱིས་ ཐེངས་འདིའི་ཚོགས་འདུའི་་སྤྱི་སྡོམ་དང་མཇུག་བསྡུ་གཏམ་བཤད་གནང་ནས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ངང་ཚོགས་འདུའི་མཇུག་བསྡུ་བ་ཡིན།

ད་ལོའི་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཁུངས་སུ་ཡོད་པའི་ཚད་རིག་དཔེ་རྙིང་བསྡུ་སྒྲིག་དང་ཚད་རིག་རིག་གཞུང་དཔྱད་གླེང་། ཚད་རིག་མི་སྣ་གསོ་སྐྱོང་དང་ཚད་རིག་སློབ་དེབ་སྒྲིག་སྒྱུར། ཚད་རིག་དང་ཚན་རིག་ཞིབ་བསྡུར། ཚད་རིག་དུས་དེབ་འགྲེམ་སྤེལ་དང་ཚད་རིག་དྲ་ཐོག་བརྒྱུད་སྤེལ་ལ་སོགས་པར་བརྟེན་ནས། ཚད་མ་རིག་པ་འདི་ཉིད་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐད་ནས། མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་ཚོགས་གཙོ་ཨ་ལགས་སྒར་བ་མཆོག་གིས་བོད་ཀྱི་སློབ་གྲྭ་ཆུང་འབྲིང་རྣམས་སུ་ཚད་མ་རིག་པ་སློབ་ཁྲིད་དང་དར་སྤེལ་གཏོང་དགོས་པའི་གྲོས་གཞི་སྙན་ཞུ་འབུལ་བ།
སྤྱི་ཟླ་༤བར་ཚོགས་གཙོ་ཨ་ལགས་སྒར་བས་ཧྲང་ཧེ་ཧྥུ་ཏན་སློབ་ཆེན་དུ་ཚད་མ་རིག་པའི་འཆད་ཁྲིད་དང་བགྲོ་གླེང་གནང་བ། སྤྱི་ཟླ་༥བར་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན།མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་།པཎ་ཆེན་ཚད་མའི་སློབ་གླིང་བཅས་ཀྱི་དགེ་སློབ་ལྔ་བཅུ་ལྷག་ ༢༠༡༨ལོའི་ཐེངས་དང་པོའི་ཚད་མ་རིག་པའི་ཟབ་སྦྱོང་དང་རྩོད་པའི་བགྲོ་གླེང་མཛད་སྒོ་བསྡུས་པ། སྤྱི་ཟླ་༨པར་ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་གཉིས་ཀྱིས་མཉམ་དུ་པཎ་ཆེན་ཚད་མའི་སློབ་གླིང་དུ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་།ཆིང་ཧྭ་སློབ་ཆེན་སོགས་སློབ་ཆེན་དང་ཞིབ་འཇུག་ལས་ཁུངས་ཉི་ཤུ་ལྷག་གི་སློབ་མ་༥༠ལྷག་འདུས་པའི་རྒྱལ་ཡོངས་སྐབས་དྲུག་པའི་ཚད་མ་རིག་པའི་ཟབ་སྦྱོང་འཛིན་གྲྭ་བསྡུས་པས་རྒྱལ་ཡོངས་སུ་ཤུགས་རྐྱེན་ཟབ་མོ་བཞག་པ། ཚད་མ་རིག་པ་དང་མིའི་རིགས་རིག་པའི་གཤིབ་བསྡུར་བགྲོ་གླེང་བསྡུས་པ། ཚན་རིག་དང་ནང་བསྟན་མཚན་ཉིད་རིག་པའི་བར་གྱི་བགྲོ་གླེང་བྱས་པ། ཚད་མ་རིག་པའི་སྐོར་གྱི་དཔེ་རྙིང་འཚོལ་སྒྲིག་དང་། རྒྱལ་ཡོངས་ཚད་རིག་འཛིན་སྐྱོང་སློབ་གཉེར་སློབ་དེབ་སྒྲིག་བསྒྱུར་བྱས་པ་སོགས་ཀྱི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་ཤིང་། སླད་མའི་ཆར་ཡང་ཚད་མ་རིག་པ་འདི་ཉིད་རྒྱལ་ཡོངས་ཀྱི་ཞིབ་འཇུག་སྡེ་ཁག་སོ་སོ་དང་སློབ་གྲྭ་ཆེན་མོ་ཁག་སོ་སོ། དེ་བཞིན་བོད་ཁུལ་གྱི་སློབ་ཆེན་དང་སློབ་འབྲིང་ཁག་སོ་སོར་དར་སྤེལ་བྱེད་དགོས་པ་མ་ཟད། ས་ཁུལ་དང་མི་རིགས། སྤྱི་ཚོགས་ལས་རིགས་ཀྱི་དབྱེ་བ་མེད་པར་དར་སྤེལ་དུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་མཚོ་སྔོན་ཞིང་ཆེན་ཏང་གི་ཚོགས་ཆེན་བཅུ་གསུམ་པའི་དགོངས་དོན་ལྟར། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་འབྱུང་བར་ནུས་པ་འདོན་དགོས་པ་མ་ཟད། འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་པར་བརྩོན་དགོས་པ་ཡིན་ནོ།།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།