ཧའེ་ཁྲུན་ཧྲེང་གིས་ཉར་བའི་མི་རིགས་གནའ་དཔེའི་བགྲོ་གླེང་ཚོགས་འདུ།

 སྤྱི་ཟླ་༤པའི་ཚེས་༡༤ཉིན། ཀྲུང་དབྱང་མི་རིགས་སློབ་ཆེན་སོག་ཡིག་ཚན་ཁག་དང་། ཀྲུང་གོའི་སོག་རིགས་ལོ་རྒྱུས་རིག་ཚོགས། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་། ཧྥུ་ཤིན་གྲོང་ཁྱེར་སྲིད་གྲོས་རིག་གནས་ལོ་རྒྱུས་ཡིག་ཚགས་ཨུ་ཡོན་ལྷན་ཁང་།  ཧྥུ་ཤིན་གྲོང་ཁྱེར་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་བཅས་ཀྱིས་གཙོ་གཉེར་བྱས་པའི་སྐུ་ཞབས་ཧའེ་ཁྲུན་ཧྲེང་ལགས་ཀྱིས་ཉར་ཚགས་གནང་བའི་མི་རིགས་གནའ་དཔེའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་དེ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སྐོང་འཚོགས་བྱས་ཡོད་པ་རེད།

1.jpg

གཙོ་སྐྱོང་པ་ཀེ་རི་ལི་ཐུས་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་བཞིན་པ།

2.jpg

སྐུ་ཞབས་ཧའེ་ཁྲུན་ཧྲེང་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

     བགྲོ་གླེང་ཚོགས་འདུའི་ཐོག་སྔོན་ལ་སྐུ་ཞབས་ཧའེ་ཁྲུན་ཧྲེང་ལགས་ཀྱིས་གསུང་བཤད་གནང་བ་དང་། ཁོང་གིས། རང་ཉིད་ཀྱི་སྔར་སོང་གི་ཉར་ཚགས་ཕྱག་ལས་ལ་ཕྱོགས་བསྡོམས་མདོར་བསྡུས་ཤིག་གནང་ཡོད་པ་རེད། བགྲོ་གླེང་ཚོགས་འདུ་དེ་ཚོགས་ཆུང་བཞི་རུ་ཁག་བགོས་བྱས་ནས། འབྲེལ་ཡོད་ཆེད་ལས་མཁས་པ་ཚོས། སྐུ་ཞབས་ཧའེ་ཁྲུན་ཧྲེང་ལགས་ཀྱིས་ཉར་ཚགས་གནང་བའི་བོད་ཡིག་ལོ་རྒྱུས་ཡིག་ཚགས་ཀྱི་རིན་ཐང་དང་། མན་ཇུའི་ཡིག་ཚགས་ཀྱི་རིན་ཐང་། སོག་རིགས་ཡིག་ཚགས་ཀྱི་རིན་ཐང་སོགས་དང་འབྲེལ་ནས་ཞིབ་ཕྲའི་ངོ་སྤྲོད་དང་དེར་དཔྱད་གླེང་གནང་ཡོད་པ་རེད།

3.jpg

4.jpg

5.jpg

ཆེད་ལས་མཁས་པས་གཏམ་བཤད་གནང་བཞིན་པ།

6.jpg

བགྲོ་གླེང་ཚོགས་འདུ་འཚོགས་བཞིན་པའི་རྣམ་པ།

     ཤེས་རྟོགས་བྱུང་བར་གཞིགས་ན། སྐུ་ཞབས་ཧའེ་ཁྲུན་ཧྲེང་ལགས་ཀྱིས་ཉར་ཚགས་གནང་བའི་གནའ་དཔེའི་ཁྲོད་གཙོ་བོ་བོད་ཡིག་གི་ལོ་རྒྱུས་ཡིག་ཚགས་བྲིས་མ་དང་ཡིག་ཚགས་དཔར་མ། པེ་ཅིན་པར་མའི་རྒྱུད་བཞི་སོགས་དང་། ནང་སོག་གི་ཨུ་ཀྲུ་མུའུ་ཆིན་དགོན་སོགས་དགོན་སྡེ་མང་པོའི་ཡིག་ཚགས་ཡིག་ཆ་དང་ཆིང་རྒྱལ་རབས་སྐབས་ཀྱི་ཁ་ལ་ཆིན་ཐུ་མོ་ཐེ་ས་ཁུལ་གྱི་སྐུ་དྲག་ཐ་བུ་ནང་གི་རྒྱུ་ནོར་དང་དེར་རྒྱུད་འཛིན་བྱེད་སྟངས་སོགས་དཔེ་མཚོན་དུ་བྱས་པའི་ལོ་རྒྱུས་ཡིག་ཚགས། མན་ཇུ་རིགས་ཀྱི་ལོ་རྒྱུས་ཡིག་ཚགས་སོགས་གྲངས་ཉུང་མི་རིགས་ཀྱི་རིག་དངོས་༥༠༠༠ལྷག་ཙམ་ཉར་ཚགས་གནང་ཡོད་ཅིང་། དེའི་ཁྲོད་བོད་ཡིག་གི་གནའ་དཔེའི་རིག་དངོས་༤༠༠༠ལ་ཉེ་བ་དང་། སོག་རིགས་ཀྱི་གནའ་དཔེའི་ཡིག་ཚགས་༡༠༠༠ལྷག་ཙམ། ད་དུང་རྒྱ་རིགས་དང་མན་ཇུ་རིགས་སོགས་མི་རིགས་གཞན་གྱི་རིག་དངོས་བརྒྱ་ལྷག་ཙམ་བཅས་བསྡུ་རུབ་ཉར་ཚགས་གནང་ཡོད་པ་རེད། དེ་དག་གི་ནང་དོན་གཙོ་བོ་སྐད་བརྡ་དང་། རྩོམ་རིག ལོ་རྒྱུས། ཆོས་ལུགས། དམངས་སྲོལ་སོགས་ཁྱབ་ཁོངས་ཧ་ཅང་མང་པོ་དང་འབྲེལ་བ་ཡོད་ཅིང་ཁོང་གིས་རྣམ་ཀུན་དཔེ་རྙིང་དེ་དག་རིན་མེད་ངང་ཚན་པ་དང་ཞིབ་འཇུག་ཁང་སོགས་ལ་ཞལ་འདེབས་སུ་ཕུལ་བས། དེས་མི་རིགས་རིག་གཞུང་གི་ཞིབ་འཇུག་ལ་རོལ་བཞིན་པའི་མཁས་དབང་ཚོར་ཡིག་ཚགས་ཀྱི་དཔྱད་གཞི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་མཁོ་འདོན་བྱས་ཡོད་ལ།  ང་ཚོ་སྐྱེ་བོ་ཕལ་པ་ཚོས་རང་མི་རིགས་ཀྱི་གནའ་བོའི་རིག་གཞུང་དང་མེས་པོའི་མཛད་རྗེས་ལ་ཕྱིར་བལྟ་བྱེད་པའི་སྒོ་མོ་ལེགས་པོ་ཞིག་ཕྱེ་བར་མཛད་ཡོད།
 7.jpg

སྐུ་མགྲོན་ཚོས་ཉར་ཚགས་རིག་དངོས་ལ་གཟིགས་བཞིན་པ།

8.jpg

སྐུ་ཞབས་ཧའེ་ཁྲུན་ཧྲེང་ལགས༼རུ་སྟར་དང་པོའི་གཡས་ངོས་ལྔ་པ༽དང་རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་ཆེད་ལས་མཁས་པའི་མཉམ་སྒྲོན་དྲན་པར།

      སྐུ་ཞབས་ཧའེ་ཁྲུན་ཧྲེང་ལགས་ནི་སོག་རིགས་ཞིག་ཡིན་ཞིང་། སྤྱི་ལོ་༡༩༨༠ལོར་ལེའོ་ཉིང་ཞིང་ཆེན་ཧྥུ་ཤིན་སོག་རིགས་རང་སྐྱོང་རྫོང་དུ་སྐུ་འཁྲུངས། མི་རིགས་རིག་དངོས་དང་ཡིག་ཚགས་ཉར་ཚགས་མཁས་པ་དང་གཟིགས་དཔྱད་མཁས་པ་གྲགས་ཅན་ཞིག་ཡིན་པ་རེད། མིག་སྔར་ཧྥུ་ཤིན་གྲོང་ཁྱེར་སྲིད་གྲོས་རིག་གནས་ལོ་རྒྱུས་ཡིག་ཚགས་ཁང་གི་འགོ་འཛིན་དང་།  ཧྥུ་ཤིན་གྲོང་ཁྱེར་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་མི་རིགས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་འགོ་འཛིན། ལེའོ་ཉིང་ཞིང་ཆེན་སོག་རིགས་སྨན་རྫས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་འགོ་འཛིན་སོགས་ཡིན་པ་རེད། རིགས་གཞུང་ཞིབ་འཇུག་སྡེ་ཁག་གི་མཁས་དབང་ཚོས། ཁོང་ནི་མིག་སྔའི་ཀྲུང་གོའི་མི་རིགས་རིག་དངོས་ཉར་ཚགས་གནང་མང་ཤོས་ཀྱི་མཁས་དབང་དེ་རེད་ཅེས་བསྔགས་བརྗོད་གནང་བཞིན་ཡོད་པ་རེད།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།