མི་ཉག་ས་ཆའི་ཕུན་སུམ་ཚོགས་པའི་གཉེན་སྟོན་རིག་གནས།

       སྤྱིར་མདོ་དབུས་ཁམས་གསུམ་བཅས་བོད་ལྗོངས་ས་ཁུལ་གྱི་གཉེན་སྒྲིག་སྟོན་མོའི་ལུགས་སྲོལ་ལས་ཚ་ཞང་དང་གཏམ་བཤད་སོགས་སྤྱིའི་འགྲོས་གཅིག་མཐུན་ཡིན་ཀྱང་། བྱེ་བྲག་ས་ཕྱོགས་དང་ཡུལ་ལུང་སོ་སོའི་གོམས་སྲོལ་གྱི་དབང་གིས་མི་འདྲ་བའི་ཁྱད་པར་ཡང་ཡོད་པ་རེད།

     མི་ཉག་ས་ཁུལ་གྱི་གཉེན་སྒྲིག་བག་སྟོན་ལ་རིན་ཐང་བྲལ་བའི་སྲོལ་རྒྱུན་གྱི་གཉེན་སྟོན་རིག་གནས་ཕུན་སུམ་ཚོགས་པོ་ཡོད་པ་དང་། གཉེན་སྟོན་གྱི་འགོ་གཞུག་བར་ཉིན་ཞག་གསུམ་ཙམ་གྱི་རིང་ལ་བག་སྟོན་གྱི་མཛད་སྒོ་གཟབ་རྒྱས་སྤེལ་སྲོལ་ཡོད།

1.JPG

   དེ་ཡང་ཐོག་མར་བག་མའམ་མག་པ་བསུ་མི(ཚ་བོ)དེ་བག་མའང་མག་པ་གཏོང་ཡུལ་གྱི་ཁྱིམ་ཚང་དེར་འབྱོར་རྗེས། ཞང་པོ་མཇལ་བའི་མཇལ་དར་ཞེས་ཁ་བཏགས་ཨ་ཤེ་ཉིན་མོ་བདེ་ལེགས་འདོམ་གསུམ་ཅན་ཞིག་ཞང་པོར་ཕུལ་ཏེ་དེ་རིང་བསྐལ་བཟང་བཀྲ་ཤིས་ཀྱི་ཉིན་མོ་ལ་ཁོ་རང་འདིར་ཡོང་དོན་རྣམས་ཞུ་བ་དང་། ཞང་པོས་དང་པོ་བླ་མ་ལ་ཐུག་ན་བླ་མ་ཁོག་པ་ཆོས་ཀྱི་ལོ་རྒྱུས་རེད། ཆོས་ཁྲིམས་དར་གྱི་མདུད་པ་རེད། དར་ཞིག་ན་མདུད་པ་མི་ཞིག་པའི་མཆོད་ཡོན་ཞབས་ཕྱི་ཞུ་དགོས་མཁན་རེད། གཉིས་པ་དཔོན་པོ་ལ་ཐུག་ན་དཔོན་པོ་ཁོག་པ་ཁྲིམས་ཀྱི་ལོ་རྒྱུས་རེད། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་རེད།ཧོར་ཁྲིམས་ལྕགས་ཀྱི་པ་ཏྲ་རེད།བོད་ཁྲིམས་རྡོ་ཡི་རི་མོ་རེད། རྡོ་ཆག་ན་རི་མོ་མི་འགྱུར་བའི་མཆོད་ཡོན་ཞབས་ཕྱི་ཞུ་དགོས་མཁན་རེད། གསུམ་པ་ང་ཞང་པོ་མཇལ་བའི་མཇལ་དར་ཟེར་མཁན་དེ། ཞང་པོ་ལ་ཐུག་ན་ཞང་པོ་ཁོག་པ་གཉེན་གྱི་ལོ་རྒྱུས་རེད། གཉེན་ཤ་ཆང་གི་ཟམ་པ་ཟེར་མཁན་དེ། ཁ་དར་ཨ་ཡེ་ཤའི་འགོ་རེད། ཉིན་མོ་བདེ་ལེགས་ཀྱི་རྐེད་རེད། ཛམྦྷ་ལྷ་གསུམ་གཤིབས་མཐའ་ནས་སྐྱོང་བ་ལྟ་བུའི་མཆོད་ཡོན་ཞབས་ཕྱི་ཞུ་དགོས་མཁན་རེད། ཨ་རེད། ད་སྡེ་པ་འདི་ཚང་གི་ཞང་པོ་མཇལ་བའི་མཇལ་དར་ཟེར་མཁན་དེ། དཀའ་བ་ཙམ་གྱིས་དཀོན་པ་རེད།དཀོན་པ་ཙམ་གྱི་རིན་ཐང་རེད། རིན་ཐང་ཆེ་བའི་རྒྱུ་ཞིག་བཤད་ན། དང་པོ་དཀའ་བ་རྣམ་པ་བཞི་ནི། རྒྱ་གར་གྱི་ཡུལ་ལ་ཆོས་བཤད་དཀའ། རྒྱ་ནག་གི་ཡུལ་ལ་ཁྲིམས་བཤད་དཀའ། གླིང་གི་ཡུལ་ལ་མདའ་འཕེན་དཀའ། བོད་ཀྱི་ཡུལ་ལ་རྟ་རྒྱུག་དཀའ།གཉིས་པ་དཀོན་པ་རྣམ་པ་བཞིའི་རྒྱུ་ཞིག་བཤད་ན། རྒྱལ་པོ་མང་སྟེ་འཁོར་ལོ་བསྒྱུར་རྒྱལ་དཀོན། མེ་ཏོག་མང་སྟེ་ཨུ་དུམ་ཝ་ར་དཀོན། སྲོག་ཆགས་མང་སྟེ་གངས་ཅན་སེངྒེ་དཀོན། རྒྱ་མཚོ་མང་སྟེ་དབང་སྔོན་མདོག་འདྲ་དཀོན་པའི་དཔེ་དེ་འདྲ་ཡོད་འདུག

2.JPG

   གསུམ་པ་རིན་ཐང་ཆེ་བ་རྣམ་པ་བཞིའི་རྒྱུ་ཞིག་བཤད་ན། སྟེང་ན་ལྷའི་ནོར་བུ་དགོས་འདོད་ཀུན་འབྱུང་གསེར་སྲང་ལྔ་བརྒྱའི་རིན་ཐང་མི་ཆོད་པ། འོག་ན་ཀླུའི་ནོར་བུ་དུང་དཀར་གཡས་འཁྱིལ་གསེར་སྲང་ལྔ་བརྒྱའི་རིན་ཐང་མི་ཆོད་པ། བར་ན་མིའི་ནོར་བུ་དབང་གི་རྒྱལ་པོ་གསེར་སྲང་ལྔ་བརྒྱའི་རིན་ཐང་མི་ཆོད་པ། འཛམ་གླིང་ཉིན་འཁོར་ཐེབས་པའི་རྟ་མཆོག་མོག་རོག་གསེར་སྲང་ལྔ་བརྒྱའི་རིན་ཐང་མི་ཆོད་པའི་མཆོད་ཡོན་ཞབས་ཕྱི་ཞུ་དགོས་མཁན་རེད། ཨ་རེད།
   ད་ཚང་ལུགས་རྣམ་པ་བཞིའི་རྒྱུ་ཞིག་བཤད་ན། སྡེ་པ་འདི་ཚོའི་བཀྲ་ཤིས་པའི་གནས་ཁང་ཆེན་པོའི་ནང་ལ་དཀྱིལ་གྱི་ནང་དུ་ལྷ་ཚང་ཟི་རེད། བཞུགས་གྲལ་གྱི་ནང་ལ་མི་ཚང་ཟི་རེད།བུམ་པ་ཡི་ནང་ལ་རྫས་ཚང་ཟི་རེད། དཀར་འོ་མ་ཡི་ནང་ལ་བཅུད་ཚང་ཟི་དེ་ཚོ་ཟིན་ན། བདོག་དང་སྡེ་པ་འདི་ཚོ་ལ་འོ་བརྒྱལ་ཆེ་ཐལ་ཟེར་ནས་ཡར་ཞུ་འབུལ་དགོས་མཁན་རེད། སྦྱིན་བདག་ལ་རྟེན་འབྲེལ་འཛོམས་དགོས་མཁན་རེད། མི་མང་ལ་རྩེད་མོ་ཡག་དགོས་མཁན་རེད། ཨ་རེད།

3.JPG

 ད་ང་ཞང་པོ་རྣམ་པའི་དབང་ཆེ་བའི་རྒྱུ་ཞིག་བཤད་ན། ཚིག་གསུམ་བཤད་ན་བཤད་དབང་ཡོད་མཁན་རེད། ཚིག་གཅིག་གི་དཔོན་པོ་རེད། ཉིན་གཅིག་གི་ཨ་ཞང་ཟེར་མཁན་དེ་གོམ་པ་ཐེངས་གསུམ་སྤོས་ན་སྤོས་དབང་ཡོད་མཁན་རེད་འོ། ང་ཞང་པོ་མཇལ་བའི་མཇལ་དར་ཟེར་མཁན་དེ། སེངྒེ་རྫ་ལ་འཁོར་ན་ལན་གཅིག་ཡིན། རྨ་བྱ་ཐང་ལ་བབ་པ་ལན་གཅིག་ཡིན། ང་ཞང་པོ་རྣམས་ཀྱི་དབང་ཐང་ཆེ་ན། ཁྱོད་ཚ་བོ་རྣམ་གཉིས་དེ་ལོངས་སྤྱོད་ཆེ་བའི་ལས་ལ། ད་རིང་སླར་ཟློས་ཚིག་གསུམ་ཙམ་ཞིག་ཞུ་དགོས་མཁན་རེད། ཨ་རེད།
རི་བོ་མཐོན་པོའི་འགོ་ལ་ལྷ་བསང་རེ་མ་བཏང་ན། མདུན་དང་རྒྱབ་རི་ཡི་བར་ལ་དབྱེ་སེལ་མཁན་མ་རེད། ཆུ་ཆེན་པོའི་འགོ་ལ་ཟམ་ཆེན་རེ་མ་བཙུགས་ན། ཆུ་ཚུར་རོལ་དང་ཕ་རོལ་གྱི་བར་ལ་དབྱེ་སེལ་མཁན་མ་རེད། སླར་ཟློས་ཚིག་གསུམ་ཙམ་ཞིག་མ་ཞུས་ན། ཞང་ཚ་བོ་གཉིས་ཀྱི་བར་ལ་གོ་བརྡ་མི་འཕྲོད་པའི་དཔེ་དེ་འདྲ་ཡོད་འདུག ཨ་རེད……ཅེས་ཞང་པོ་མཇལ་དར་གྱི་གཏམ་བཤད་པ་དང་། དེ་ནས་བཞུགས་གྲལ་ཏུ་བསྒྲིགས་ཏེ་ཨ་ཞང་གིས་ད་བདོག་དང་སྡེ་པ་འདི་ཚོ་ཡི། གྲལ་ཡར་གྲལ་གསེར་གྱི་བུམ་པའི་ནང་དུ། བདེ་མོའི་གཏམ་ཁ་ཕྱེ་བ་ཟེར་མཁན་དེ་ཕུལ་ཨ་ཆོག་ཟེར་ན་ཕུལ་ཆོག་ཆོག་ཁ་དང་བཅས་པ་རེད། གྲལ་འགྲིག་པ་དང་ཡོངས་ཚང་བ་ཡི་མཆོད་ཡོན་ཞབས་ཕྱི་ཞུས་ཡོད་རྒྱུ་རེད། དང་པོ་གཏམ་ཁ་དེ་དར་གྱིས་ཕྱེ།གཉིས་པ་གཏམ་ཁ་དེ་ཆང་གིས་ཕྱེ། གསུམ་པ་གཏམ་ཁ་དེ་ནི་གསེར་དངུལ་རིན་ཆེན་གྱིས་ཕྱེ། བཞི་པ་གཏམ་ཁ་དེ་གཡུ་དང་བྱུ་རུ། མུ་ཏིག་དང་མུ་མེན་ལ་སོགས་པ་བསྒྲིག་དགོས་པའི་རྒྱུ་མཚན་དེ་འདྲ་ཡོད་འདུག

4.JPG


བདེ་མོ་གཏམ་ཁ་ཕྱེ་བ་ཟེར་བའི་སྐབས་སུ། ནས་བརྒྱ་ནས་ཀྱི་གདན་པ་རེད། སྟག་ལྤགས་གཟིག་ལྤགས་ཀྱི་དགུ་ཚན་རེད། ཤར་ཕྱོགས་ཤེལ་ལས་གྲུབ་པ་དཀར་པོའི་ཐོག་ཏུ། གྲོ་བརྩིགས་དེ་གངས་རི་དང་མཉམ་པ།དེའི་ཐོག་ཏུ་སྟག་འཇའ་རིས་མི་གཅིག་གསེར་ཉ་ཁ་སྤྲད་འཛོམས་པའི་གདན་གྱི་ཐོག་ཏུ། དར་དཀར་བཀལ་བའི་ཆེ་འཛོམས་སྣ་དགུ་ཚན་ཕུལ་དགོས་པའི་རྒྱུ་མཚན་དེ་འདྲ་ཡོད་འདུག ལྷོབཻཌྰུརྱ་ལས་གྲུབ་པའི་སེར་པོའི་ཐོག་ཏུ(གྲོ)ནས་བརྩིགས་ཏེ་རྫ་རི(སྤང་རི)དང་མཉམ་པ།གཟིག་ཐིག་ལེ་མི་གཅིག་ཉི་ཟླ་ཁ་སྤྲད་འཛོམས་པའི་པགས་པ་དེའི་ཐོག་ཏུ། དར་སེར་པོ(སྤྲིན་རིས)འབྲུག་རིས་དགུ་བསྐོར་སོགས་སྣ་དགུ་ཚན་ཕུལ་དགོས་པའི་རྒྱུ་མཚན། ནུབ་པདྨ་རཱ་ག་ལས་གྲུབ་པའི་དམར་པོའི་ཐོག་ཏུ། རྒྱ་ཇ་ནག་པོ་ལ་དྲིལ་ཚགས་མ་ཉམས་པའི་ཇ་བརྩིགས་ཏེ་རྫ་རི་དང་མཉམ་པ། དེའི་ཐོག་ཏུ་དར་དམར་པོ་འབྲུག་རིས་དགུ་བསྐོར་གྱིས་དྲངས་པའི་དོམ་ཐུལ་དཀར་མི་གཅིག་ཐུལ་དཀར་ཟླ་གམ་འཛོམས་པ་སོགས་སྣ་དགུ་ཚན་ཕུལ་དགོས་པའི་རྒྱུ་མཚན། བྱང་ཨིནྡྲ་ནི་ལ་ལས་གྲུབ་པའི་ལྗང་གུའི་ཐོག་ཏུ། བྱང་ཚྭ་དཀར་པོ་ལ་ཐིག་ལུང་མ་ཉམས་པ། ཚྭ་བརྩིགས་དེ་ནགས་རི་དང་མཉམ་པ། དེའི་ཐོག་ཏུ་ཝ་དགུང་ཤོང་མི་གཅིག་སྐར་བད་མ་བརྒྱ་སྤྲས་འཛོམས་པ། དེའི་ཐོག་ཏུ་དབུས་སུ་མར་བརྩིགས་ཏེ་གངས་རི་དང་མཉམ་པ་ཕུལ་དགོས་པའི་རྒྱུ་མཚན་དེ་འདྲ་ཡོད་འདུག
དར་དཀར་པོ་དཀར་བའི་ཆེ་འཛོམས། དར་དམར་པོ་འབྲུག་རིས་དགུ་བསྐོར། དར་སྔོན་པོ་ཨ་ཤེ་ཉིན་མོ་བདེ་ལེགས་མ་རིག་མུན་སེལ། ཀུན་བཟང་མཆོད་སྤྲིན། རྣམ་བཅུ་དབང་ལྡན། ཛམ་བྷ་ལྷ་གསུམ་གཤིབས་མཐའ་ནས་སྐྱོང་བ་ལྟ་བུའི་མཆོད་ཡོན་ཞབས་ཕྱི་ཞུ་དགོས་མཁན་རེད།
སྟེང་ལྷའི་ནོར་བུ་བཅུ་གསུམ། འོག་ཀླུའི་ནོར་བུ་བཅུ་གསུམ། བར་མིའི་ནོར་བུ་བཅུ་གསུམ་འཛོམས།སྟོད་རྒྱ་གར་གྱི་ནོར་བུ་བཅུ་གསུམ།སྨད་རྒྱ་ནག་གི་ནོར་བུ་བཅུ་གསུམ། བལ་པོའི་ནོར་བུ་བཅུ་གསུམ་འཛོམས། སྟེང་ལྷའི་ནོར་བུ་དགོས་འདོད་ཀུན་འབྱུང་། འོག་ཀླུའི་ནོར་བུ་དོན་ཡོད་ཞགས་པ།བར་མིའི་ནོར་བུ་གཡུ་དང་བྱུ་རུ།སྟོད་རྒྱ་གར་གྱི་ནོར་བུ་གཡུ་འབྲུག་གི་ལག་ཟུང་། སྨད་རྒྱ་ནག་གི་ནོར་བུ་གཡང་ཏྲིའི་མི་དབང་གདན་ཁྲི། བལ་པོའི་ནོར་བུ་ཨིནྡྲ་ནི་ལ།བོད་ཀྱི་ནོར་བུ་མུ་ཏིག་གི་ཕྲེང་བ། ཁྲ་བོ་གཟི་ཡི་ཕྲེང་བ་རྒྱན། གསེར་དངུལ་རྒྱ་ལ་བཀྱགས་པ་ཡི་རྒྱ་གྲངས།གཡུ་བྱུ་རུ་འབོ་ལ་འཇལ་བའི་ཁ་གྲངས་ལ་སོགས་པ་དེ་འདྲ་དགོས་པའི་རྒྱུ་མཚན་ཡོད་འདུག་ཨ་རེད། སེར་པོ་གསེར་གྱི་རྡོ་ཚན་ལ་ཨ་ལུང་མ་ཉམས་པ། ཁམ་པ་དངུལ་གྱི་རྡོ་ཚན་ལ་ཤོག་ཆ་མ་ཉམས་པ། བཀྲ་ཤིས་ལྷ་དར་དཀར་པོ་ལ་དྲི་མ་མ་ཕོག་པ་དགོས་ཟེར་བའི་རྒྱུ་མཚན་དེ་འདྲ་ཡོད་འདུག་ཅེས་བདེ་མོ་གཏམ་ཁ་ཕྱེ་བའི་གཏམ་དང་། དེ་ནས་ཐབ་ལྷ་མི་འཁྲུག་པ་དང་ཆོས་སྐྱོང་མི་འཁྲུག་པ་ལ་སོགས་པའི་རྟེན་རིགས་བཞིའི་གཏམ་བཤད་དང་ས་བསྟོད་དང་འབྲེལ་བའི་གཏམ་བཤད་སོགས་བྱེད།

5.jpg

   དེ་བཞིན་མཚན་མོར་མུ་མཐུད་དུ་བག་གོས་འཇོག་ལེན་གྱི་གཏམ་བཤད་དེ། ད་བདོག་འདི་ཚོའི་བཀྲ་ཤིས་པའི་གནས་ཁང་ཆེན་པོ་དེ་ཡི་ནང་དུ།ཁྱོད་ཚ་བོ་རྣམ་གཉིས་ཀྱིས།གྲལ་ཡར་གྲལ་གསེར་གྱི་བུམ་པ་ཡི་ནང་དུ། བག་གོས་ལེགས་མ་བཅུ་གསུམ་ཟེར་མཁན་དེ་ཕུལ་ཨ་ཆོག་ཟེར་ལེ་རེད་མོད། བག་གོས་ལེགས་མ་བཅུ་གསུམ་ཟེར་བ་འདི་ཕུལ་ཆོག་ཆོག་ཁ་དང་བཅས་པ་རེད། ཕོ་ལུགས་རེ་གོས་བཅོ་བརྒྱད་དང་།མོ་ལུགས་རེ་གོས་བཅུ་གཉིས་ཟེར་མཁན་དེ། གྲལ་འགྲིག་པ་དང་ཡོངས་ཚང་བ་ཡི་མཆོད་ཡོན་ཞབས་ཕྱི་ཞུ་དགོས་མཁན་རེད། ད་རིང་བག་གོས་ལེགས་མ་བཅུ་གསུམ་ཟེར་མཁན་དེ་ཡར་ལ་བལྟས་ན། ལྷ་ཆེན་ཚངས་པ་བརྒྱ་བྱིན་ལ་ཐུགས་དགྱེས་མཁན་བསྒྲིག་དགོས། མར་ལ་བལྟས་ན་ཀླུ་རྒྱལ་གཙུག་ན་རིན་ཆེན་ལ་ཐུགས་དགའ་མཁན་བསྒྲིག་དགོས། བར་དུ་བལྟས་ན་བདོག་འདིའི་དྲིན་ཆེན་ཕ་མ་དང་། ཉེ་གཉེན་རིགས་རྩ་གསུམ་དང་། ཞང་ཆེན་གྱི་གོང་མ་རྣམ་གསུམ་ལ་ཐུགས་དགའ་མཁན་བསྒྲིག་དགོས་པའི་རྒྱུ་མཚན་དེ་འདྲ་ཡོད་འདུག
བག་གོས་ལེགས་མ་བཅུ་གསུམ་ཟེར་བའི་སྐབས་སུ། ལྟ་ན་མིག་གིས་མི་ཚུད་རེད།བཞག་ན་ས་ཡིས་མི་ཐེག་རེད།བརྩིས་ན་གྲངས་ཀྱིས་མི་ཆོད་པའི་མཆོད་ཡོན་ཞབས་ཕྱི་དེ་ཅི་འདྲ་ཞུས་ཡོད། ད་རིང་ཁྱོད་ཚོ་བདོག་སྡེ་པ་འདི་ཚོ་ཡི་བང་མཛོད་ཕྱི་མ་དང་ནང་མ། བར་མ་གསུམ་ལ་དཔེ་ཞིག་བཤད་ན། བང་མཛོད་ནང་མ་དེ་གཡང་རྫས་ཀྱི་རྟེན་ལ་ཡར་ལ་བཞག་ལེ་ཡིན། བང་མཛོད་ཕྱི་མ་དེ་དུས་རྒྱུན་དུ་སྤྱོད་པའི་རྒྱུན་སྤྱོད་ཀྱི་རྟེན་ལ་མར་ལ་བཞག  བང་མཛོད་བར་མ་ལ་དཔེ་བླངས་ནས། གཡས་ལ་སྟག་སྒམ་བཅུ་གསུམ་རེད།གཡོན་ལ་གཟིག་སྒམ་བཅུ་གསུམ་རེད། བར་ལ་འབྲུག་སྒམ་བཅུ་གསུམ་རེད། གཡས་ལ་སྟག་སྒམ་བཅུ་གསུམ་ལ།སེར་པོ་གསེར་གྱི་སྒོ་ལྕགས་རེད།དཀར་པོ་དངུལ་གྱི་ལྡེ་མིག་གིས་སྒོ་འདྲ་ཕྱེས་ནས། དབྱར་དུས་དགོས་པའི་དབྱར་གོས་བཅུ་གསུམ་བསྒྲིག་དགོས།གཡོན་གྱི་གཟིག་སྒམ་བཅུ་གསུམ་ལ། དངུལ་གྱི་སྒོ་ལྕགས་ལ་གསེར་གྱི་ལྡེ་མིག་གིས་སྒོ་འདྲ་ཕྱེས་ནས། དགུན་དུས་དགོས་པའི་དགུན་གོས་བཅུ་གསུམ་བསྒྲིག་དགོས། བར་ལ་འབྲུག་སྒམ་བཅུ་གསུམ་རིན་ལྕགས་ཀྱི་སྒོ་ལྕགས་ལ། ཟངས་རིགས་དམར་པོའི་ལྡེ་མིག་གིས་སྒོ་འདྲ་ཕྱེས་ནས། དུས་རྒྱུན་དུ་གྱོན་པའི་རྒྱུན་གོས་བཅུ་གསུམ་བསྒྲིག་དགོས་ཟེར་བའི་དཔེ་དེ་འདྲ་ཡོད་འདུག

6.jpg

དང་པོ་མགོ་ཞྭ་མོའི་ཐོག་ནས་རིམ་པ་བཞིན་དུ་བསྒྲིག་པའི་སྐབས་སུ། སོག་ཞྭ་དམར་པོ་དགོས།ཝ་ཞྭ་སེར་པོ་དགོས།དེ་བ་ཞྭ་མོ་དགོས།ལྕགས་མདའ་ཞྭ་མོ་ལ་སོགས་པ་བསྒྲིག་དགོས་པའི་རྒྱུ་མཚན་རེད། དེའི་ཐོག་ཏུ་དགུན་དུས་གྱོན་པའི་དགུན་གོས་བཅུ་གསུམ་ཟེར་མཁན་དེ།བོད་སྡེ་རང་ཡུལ་སྐྱེས་པའི་དུང་དཀར་ལུག་ལ་སྐྱེས་པའི་ལུ་གུ་ཚར་རུ་ལ། གོས་ཆེན་འབྲུག་རིས་མ་ཡིས་རྒྱབ་ཤན་དང་། དེའི་ཐོག་ཏུ་ཆུ་བོའི་ཞབས་ལས་སྐྱེས་པའི་ནོར་བུ་སྲམ་གྱི་པགས་པ་ཡི་མཐའ་རྒྱན་དང་བཅས་པ་བསྒྲིག་དགོས་པའི་རྒྱུ་མཚན། བྲག་ཤོང་གཡི་དཀར་གྱི་པགས་པ་ལ།གོས་ཆེན་ནོར་བུ་ཆ་བདུན་གྱི་རྒྱབ་ཤན་དང་། དེའི་ཐོག་ཏུ་གཟིག་ཐིག་ལེ་མི་གཅིག་ཉི་ཟླ་ཁ་སྤྲད་འཛོམས་པའི་མཐའ་རྒྱན་དང་བཅས་པ། ཁ་བཀྲིས་དམར་པོ་ལ་མེ་ཏོག་མཚར་གཡང་འཛོམས་པ། རྒྱ་གར་ཕྱོགས་ནས་འོངས་པའི་འབུ་རས་དཀར་པོའི་སྟོད་ཐུང་དང་དོར་མ་ལ་སོགས་པ། རྐང་ལ་ཤུག་རྩི་སེར་པོའི་ཐོག་ཏུ་གོས་ཆེན་ཡང་ཤམ་ནག་པོ་ལ་འཇའ་ཁ་དོག་སྣ་ལྔ་ཡི་ལྷམ་སྒྲོག་དང་བཅས་པ་བསྒྲིག་དགོས་པའི་རྒྱུ་མཚན་དེ་འདྲ་ཡོད་འདུག  དབྱར་གྱི་དབྱར་གོས་བཅུ་གསུམ་ཟེར་བའི་སྐབས་སུ། རྒྱ་གར་ཕྱོགས་ནས་འོངས་བའི་རྒྱང་རྩིད་དང་ལ་དགུ། བལ་པོའི་ཕྱོགས་ནས་འོངས་པའི་ཕྲུག་རྒུན་འབྲུམ་མདོག་ཟེར་མཁན་དེ། དྲས་ན་མཚོན་ཆ་མི་ཟུག་མཁན། དྲུབ་ན་ཁབ་རྩེ་མི་ཟུག་མཁན་གྱི་མཆོད་ཡོན་ཞབས་ཕྱི་དེ་ཅི་འདྲ་ཞུས་ཡོད། གོས་ཆེན་ཁ་དོག་སྣ་ལྔ་ཡི་ཁེ་འཇའ། ཁ་འགྲིབ་དེ་རྒྱ་གསེར་དང་གཟབ་པ། གོས་ཆེན་སྔོན་པོའི་ཐང་གོས་ལ་ཚོན་སྣ་དམར་པོའི་ཐོག་ཏུ། འཇའ་ཁ་དོག་སྣ་ལྔའི་སྒྲོག་ཐག་དང་བཅས་པའི་མཆོད་ཡོན་ཞབས་ཕྱི་ཞུ་ཡོད་རྒྱུ་རེད། དུས་རྒྱུན་དུ་གྱོན་པའི་རྒྱུན་གོས་བཅུ་གསུམ་ཟེར་བ་དེའི་རྒྱུ་ཞིག་བཤད་ན། རྒྱ་གར་ཕྱོགས་ནས་འོངས་པའི་རྒྱ་བསེ་དང་སྐྱིན་གབ། རྒྱ་ནག་ཕྱོགས་ནས་འོངས་པའི་རྒྱ་རས་དང་དར་རས། འགག་རས་ལ་སོགས་པ། བོད་ཡུལ་ཕྱོགས་ནས་འོངས་པའི་ཕྲུག་དཀར་ཐིག་དང་དམར་ཐིག་སེར་ཐིག་ལ་སོགས་པ། ཐིག་ཆེན་ཅན་གྱིས་ནམ་མཁའ་གང་། ཐིག་འབྲིང་ཅན་གྱིས་བར་སྣང་གང་། ཐིག་ཆུང་ཅན་གྱིས་ས་གཞི་གང་བའི་མཆོད་ཡོན་ཞབས་ཕྱི་འདྲ་ཞུས་ཡོད་རྒྱུ་རེད།……ཅེས་དང་། དེ་ནས་བྲོ་གཏམ་བཤད་པ་སོགས་ཀྱིས་གླུ་གར་གྱི་མདུན་བསུས་ཏེ་ནངས་སྔ་ཉི་མ་རི་རྐེད་འཆར་བར་དུ་བཀྲ་ཤིས་པའི་འགྲོ་བྲོ་འཁྲབ།

7.jpg


   ཉིན་གཉིས་པའི་སྔ་མོར་གནས་ལ་འགྲོ་གྲབས་བྱེད་རིང་ཡུལ་ལུང་སྡེ་བའི་གཉེན་མི་མཛའ་གྲོགས་ཀུན་གྱིས་བརྫངས་ནོར་ཁ་བཏགས་དང་བཅས་པས་སྐྱེལ་མ་བྱེད་པ་དང་། དེ་ནས་ཕ་མ་རྒན་རབས་རྣམས་ཀྱིས་བཀྲ་ཤིས་སྨོན་ལམ་འདེབས་པ་དང་། གནས་ལ་འགྲོ་མི་དེས་ཐབ་ཀ་ལ་ཕྱག་ལན་གསུམ་འཚལ་ཏེ་བག་མ་གདན་ཞུའི་གཏམ་དང་གླུ་གཞས་ཀྱིས་སྒོ་ཕྱིར་བུད་དེ་རྟ་སྒ་ཆས་ཆ་ཚང་ཅན་བདུན་བརྒྱད་བཅས་གནས་ཀྱི་ལམ་ལ་ཞུགས།
   བག་མའམ་མག་པ་ལེན་ཡུལ་གྱི་ཁྱིམ་ཚང་དེས་བསུ་མ་བྱ་བ་ལ་རིང་བསུ་ཞེས་པ་ལམ་ཕྱེད་བར་དང་ཐུང་བསུ་བྱ་བ་ཐག་ཉེའི་ས་ནས་བསུ་མ་བྱེད་ཅིང་མཆོད་ཆང་ཕུལ་རྗེས་སྡེ་པ་དེ་ཚང་གི་སྒོ་ཁར་བསུ་བ་དང་། དེ་ནས་རྟ་བབས་ཁྲབ་མ་ལག་བཅུ་གསུམ་མམ་རྟ་བབས་རིན་ཆེན་བཅུ་གསུམ་གྱིས་དུས་ཡུན་ཆུ་ཚོད་འགའི་རིང་ལ་གཏམ་བཤད་བྱེད་པར་འདི་ལྟ་སྟེ། འོ་ལགས་སོ། ད་ད་རིང་གི་གནམ་ལ་སྐར་མ་བཟང་། སྐར་མ་ལ་སྐར་ཚོགས་རྒྱས།ས་ལ་དུས་ཚོད་འཇམ། དེའི་ནང་དུ་སྐར་མ་རྒྱལ་ཕུར་འཛོམས་པ་ལྷ་ཡི་ཉི་མ། ཚེས་གྲངས་བཟང་པོ་གཡང་གི་སྐར་མ། འདི་ཡི་ནང་དུ་བཤད་པའི་དབང་དུ་བཏང་ན། དང་པོ་ཕྱི་སྣོད་འཇིག་རྟེན་གྱི་ཆགས་ཚུལ། གཉིས་པ་ནང་བཅུད་སེམས་ཅན་གྱི་གྲུབ་ཚུལ།(སྟོན་པ་སངས་རྒྱས་ཀྱི་བྱོན་ཚུལ)སྐྱོབ་པ་དམ་ཆོས་འཆད་ཚུལ། འདྲེན་པ་དགེ་འདུན་གྱི་སྡེ་རྒྱས་ཚུལ། ལས་སྲིད་པ་གསུམ་གྱི་ཆགས་ཚུལ་ཙམ་ཞིག་ཞུས་ན། དང་པོ་ཆོས་ཀྱི་ལོ་རྒྱུས། གཉིས་པ་གཏམ་གྱི་ལོ་རྒྱུས། སྐྱེ་བ་མང་པོའི་ལོ་རྒྱུས།དམ་པའི་ཆོས་ཀྱི་ལོ་རྒྱུས། བཀའ་བརྒྱད་སྟོང་དམ་པ་ཆོས་འབྱུང་གི་ལོ་རྒྱུས་ཙམ་ཞིག་ཞུས་ན། བླ་མའི་ཆོས་ཀྱི་རྣམ་གྲངས། དཔོན་པོ་ལ་ཁྲིམས་ཀྱི་ལོ་རྒྱུས་ཟེར་ནས་ཞུ་ཕོད་རྒྱུ་མ་རེད་མོད་དེ་ནས།ད་རིང་མཁར་ལ་སྔ་བ། མཁར་དང་པོ་ཕོ་བྲང་ཡུམ་བུ་བླ་མཁར། རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ། དེ་ལ་སོགས་པ་གནམ་གྱི་ཁྲི་བདུན། སྟོད་ཀྱི་སྟེང་གཉིས།བར་གྱི་ལེགས་དྲུག་ཆུ་ལ་ལྡེ་བརྒྱད། འོག་གི་བཙན་བཞི། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་ཉེ་བར་བཟུང་སྟེ་རྒྱལ་རབས་སུམ་ཅུ་སོ་གྲངས་སོགས། གཉེན་རིགས་རྟེན་བཟང་ཡིན་པ་ཡི་རྒྱུ་མཚན། རྒྱ་གར་གྱི་རྒྱལ་རབས་མང་པོ་བཀུར་བའི་རྒྱལ་པོ་ནས་བཟུང་སྲས་སྒྲ་གཅན་འཛིན་གྱི་བར་ལ། ས་ཡ་གཅིག་དང་འབུམ་ཁྲི་ལྔ་བརྒྱ་བྱུང་། རྒྱ་ནག་གི་རྒྱལ་པོ་ལ་སྔ་བ་གནམ་གྱི་བུ་སྦོ་ཐ་ཆེ་ནས་བཟུང་སྟེ། ལོ་བཞི་སྟོང་ལ་ཉེ་བའི་བར་གྱི་རྒྱལ་རབས་ཉིས་ཁྲི་བཞི་སྟོང་སོང་། བོད་ཀྱི་རྒྱལ་རབས་སུམ་ཅུ་སོ་བདུན་གྱི་ནང་དུ། རྒྱ་གར་དང་རྒྱ་ནག་བོད་ཡུལ་ལ་སོགས་པ་ཆོས་དར་བའི་ཡུལ་ཆེན་བཅོ་བརྒྱད། ཧོར་དང་གངས་རི་སྐོར་ལ་སོགས་པ་ཆོས་དར་བའི་ཆོས་སེམས་ཐོག་འཁོར་བའི་ཡུལ་ཕྲན་སུམ་ཅུ་སོ་གཉིས། ཡུལ་ཆེན་བརྒྱ་དང་ཉེར་བརྒྱད། ཡུལ་ཆུང་བྱེ་བ་དུང་ཕྱུར། ཡུལ་རེ་རེའི་ནང་དུ་བླ་མའི་ཆོས་ཀྱི་རྣམ་གྲངས། ཡུལ་རེ་རེའི་ནང་དུ་དཔོན་པོ་ཁྲིམས་ཀྱི་ལོ་རྒྱུས་ཟེར་ནས་ཞུ་ཕོད་རྒྱུ་མ་རེད་མོད་དེ་ནས།

8.jpg

ད་ད་རིང་རྟ་གཡས་བབ་དང་གཡོན་བབ། མདུན་བབ་རྒྱབ་བབ་ལ་སོགས་པའི་རྒྱུ་ཞིག་བཤད་ན། རྟ་གཡས་ལ་བབ་ན། གསེར་ཁྲི་སེར་པོའི་ཐོག་ཏུ། གསེར་གྱི་གཞོང་པ་ཡི་ནང་ལ། གསེར་བྱ་མའུ་དེ་བབ་ཤེས་པ། བབ་མ་ཤེས་ན་འཕུར་ཤེས་པ་ལྟ་བུ། རྒྱན་དེ་ལ་མཁོ་བའི་ནོར་བུ་བཅུ་གསུམ་དེ། སྟེང་ལྷའི་ནོར་བུ་དགོས་འདོད་ཀུན་འབྱུང་། འོག་ཀླུའི་ནོར་བུ་དཔག་བསམ་ལྗོན་ཤིང་། བར་མིའི་ནོར་བུ་དབང་གི་རྒྱལ་པོ། རྒྱ་གར་གྱི་ནོར་བུ་ཆུ་ཤེལ་དང་མེ་ཤེལ། བོད་ཀྱི་ནོར་བུ་གཡུ་དང་བྱུ་རུ། ཁྲ་བོ་གཟི་མིག་དགུ་པ།བྱེ་རུའི་རྒྱལ་མོ་ལག་ཡ། སྨུག་པོ་ཁྱུང་གི་མཐེབ་སྐོར།  སྤུག་ཤེལ་སེར་པོའི་ལག་གདུབ། ས་ལེ་སྦྲམ་གྱི་སྦྲེལ་ཤིང་དང་བཅས་པ་བསྒྲིག་དགོས་པའི་རྒྱུ་མཚན། རྟ་གཡོན་ལ་བབ་ན། དངུལ་ཁྲི་དཀར་པོའི་ཐོག་ཏུ། དངུལ་གཞོང་ཁྲ་མོའི་ནང་ལ། དངུལ་བྱ་མའུ་དེ་བབ་ཤེས་པ། བབ་མ་ཤེས་ན་འཕུར་ཤེས་པ་ལྟ་བུ། རྒྱན་དེ་ལ་འཁོར་བའི་ནོར་བུ་བཅུ་གསུམ་དེ། འཇའ་རིས་ཅན་གི་སྟག་གི་པགས་པ།ཐིག་ལེ་ཅན་གྱི་གཟིག་གི་པགས་པ། དགུང་གཤོང་ཅན་གྱི་ཝ་ཡི་པགས་པ། ཆུ་བོ་ཞབས་ཀྱི་སྲམ་གྱི་པགས་པ། ཁ་ཆུ་ཅན་གྱི་རྐྱང་གི་པགས་པ། གྲ་ཤོང་ཅན་གྱི་གཡི་ཡི་པགས་པ། ནོར་བུ་རྨད་བྱུང་ནེའུ་ལེའི་པགས་པ། དབྱིབས་གྲ་མཉམ་པའི་ཀླུའི་པགས་པ། གོང་ཐང་ཆེ་བ་དེ་སེངྒེའི་པགས་པ། རྔམ་ཟིལ་ཆེ་བ་དེ་འབྲུག་གི་པགས་པ། དེ་རྣམས་དགོས་པ་ཡི་རྒྱུ་མཚན། རྟ་རྒྱབ་ཏུ་བབ་ན། དུང་ཁྲི་དཀར་པོའི་ཐོག་ཏུ། དུང་གཞོང་ཁྲ་མོའི་ནང་དུ། དུང་བྱ་མའུ་དེ་བབ་ཤེས་པ། བབ་མ་ཤེས་ན་འཕུར་ཤེས་པ་ལྟ་བུ། རྒྱན་དེ་ལ་མཁོ་བ་ཡི་ནོར་བུ་བཅུ་གསུམ་དེ། གསེར་སྐུ་ཤཱཀྱ་ཐུབ་པ། བྱུ་རུའི་ཚེ་དཔག་མེད། གཡུའི་སྒྲོལ་མ་རང་བྱོན། གཡུའི་མུ་ཀུ་དེ་འཕུར་ཤེས་པ། སྤོས་ཤེལ་སེར་པོ་དེ་འཇུ་ཤེས་པ། དུང་གི་མུ་ཀུ་དེ་འཕུར་ཤེས་དགོས་པ་ཡི་རྒྱུ་མཚན། རྟ་མདུན་དུ་བབ་ན།གཡུ་ཁྲི་སྔོན་པོའི་ཐོག་ཏུ། གཡུ་གཞོང་ཁྲ་མོའི་ནང་ལ།གཡུ་བྱ་མའུ་དེ་བབ་ཤེས་པ། བབ་མ་ཤེས་ན་འཕུར་ཤེས་པ་ལྟ་བུ། རྒྱན་དེ་ལ་འཁོར་བའི་ནོར་བུ་བཅུ་གསུམ་དེ། དཔའ་ཆེན་པོ་ལ་མཁོ་བའི་རྨོག་དཀར་དར་འཕྲུ་དང་ལྡན་པ། ཁྲབ་དཀར་དགྲ་ལྷ་འབུམ་ཚང་ལ་རྒྱུན་ཐག་མ་ཆད་པ། འཕྲུ་ཆེ་བསོད་ནམས་ལྡན་པ་ལ་རྔ་རྩིད་མ་ལྷུང་བ། གཞུ་མོ་ཁམས་གསུམ་དགྲ་འདུལ་ལ་ཤྭ་རྒྱུས་ལེབ་མའི་གཞུ་ཐག  མདའ་མོ་ཨརྒ་ལེབ་ཆེན་ལ་རྒོད་སྒྲོ་ལེབ་མའི་བཞི་བཀྲ། མེ་མདའ་དགྲ་རྒོད་རྡོག་བྱེད་ལ། རྫས་རྡེལ་གོ་ཆ་ཆ་ཚང་། རྐེད་གྲི་འཇའ་རིས་ཉི་ཤར་ལ། དཔའ་ལུང་ཤུབས་ཁྲབ་ཆ་ཚང་དེ་རྣམས་དགོས་པའི་རྒྱུ་མཚན་དེ་འདྲ་ཡོད་འདུག

   ད་འདི་ཚང་གི་གྲལ་འགྲིག་པ་དང་། ཡོངས་ཚང་བ་ཡི་མཆོད་ཡོན་ཞབས་ཕྱི་འདྲ་ཞུ་བའི་སྐབས་སུ། སྡེ་པ་འདི་ཚང་ལ་དགུང་ཨ་སྔོན་ལ་སྐར་མ་བཟང་བ། མི་རབས་དགུང་ལས་མཐོ་བ་ཡི་རྟེན་འབྲེལ། ས་ལ་དུས་ཚོད་ཡག་པ་ལ། དཔལ་འབྱོར་གྱིས་ས་གཞིར་ཁྱབ་པའི་རྟེན་འབྲེལ། ད་ད་རིང་མ་ཡིན་པ་ཐམས་ཅད་ཡིན་པ། ཡིན་པ་ལྟར་དུ་དང་དུ་བླངས་པའི་སྐབས་སུ། ཡར་གྲོས་དེ་ཡར་ལེགས་ཟེར་ནས། རི་འགོའི་འཇག་མ་རླུང་ལ་གཤར་བ་ལྟ་བུ། མར་གྲོས་དེ་མར་ལེགས་ཟེར་ནས། ཆུ་ཞབས་ཉ་མོ་གཤར་བ་ལྟ་བུ། ཡར་ལ་ལྟ་ན་བག་གྲལ་གྱི་བཞིན་དུ་བཀྲ་མོ། མར་ལ་ལྟ་ན་ས་ཕག་གི་བཞིན་དུ་མཛའ་མོ། མཛའ་མོ་མཐུན་མོ་གཉིས་དེ། རྒྱལ་བའི་བཀའ་བསྟན་དམ་པ་བརྒྱ་དེ་དམ་པ་གཅིག་ལ་ཐེབས་ལེ་ཡིན། ཁ་གཏམ་བརྒྱ་དེ་ཁས་བླངས་གཅིག་ལ་ཐེབས། གནམ་གང་དེ་ཛ་གང་། ཛ་གང་དེ་ཝ་མཆུ་གང་ལ་བསྒྱུར་ནས་ད་རིང་ནམ་མཁའ་བཀྲ་ཤིས་པ་དགུང་ཨ་སྔོན་ལ་དམའ་རྒྱུ་མེད་པ། ས་གཞི་བཀྲ་ཤིས་པ་རི་རྒྱལ་ལ་གཡོ་འགུལ་མེད་པ། བར་སྣང་ལ་བཀྲ་ཤིས་པ་ཉི་ཟླ་གསལ་སྒྲིབ་མེད་པ། ཚེ་ཐམས་ཅད་ཀྱི་བཀྲ་ཤིས་པ་ཚེ་རིང་སྣ་དྲུག་འཛོམས་པ། དབང་ཐང་བཀྲ་ཤིས་པ་སྲིད་པའི་དབང་རྒྱལ་འཁོར་ལོ་ལྟ་བུ། རྟེན་འབྲེལ་བཀྲ་ཤིས་པ་རྒྱལ་སྲིད་སྣ་བདུན་ལྟ་བུ། ཚེ་དང་བསོད་ནམས་དཔལ་དང་ལོངས་སྤྱོད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་རྟེན་འབྲེལ་དང་སྨོན་ལམ་ཡིན་པའི་སླར་ཟློས་ཡིན་ལགས། ཞེས་གཉེན་སྟོན་གྱི་འགོ་གཞུག་བར་ད་དུང་ས་བསྟོད་བཤད་པའི་གཏམ་དང་བྲོ་གཏམ། བག་མ་གདན་ཞུའི་གཏམ།སྐས་འཛར་གྱི་གཏམ། བཞུགས་གྲལ་གྱི་གཏམ། དར་སྐྱེས་ཀྱི་གཏམ་སོགས་ཧ་ཅང་མང་བས་འདིར་རེ་རེ་བཞིན་བཀོད་ཐབས་བྲལ།

   དེ་ནས་གཡང་ལེན་བླ་མས་ཁང་སྟེང་ནས་གཡང་ལེན་དང་བག་ཁྲུས་བྱེད་ཅིང་ལྷ་བསང་མཆོད། སྒེག་ཉམས་ལྡན་པའི་བུ་མོ་འགས་རྒྱན་གོས་གཟབ་འཆོར་སྤྲས་ཏེ་འོ་ཆུ་གནམ་ལ་འཕྱར་ཞིང་གཡང་འབོད་བྱེད། དེ་ལྟར་དབང་ཐང་འབྱུང་བ་མཐུན་པའི་བསུ་མི་ཞིག་གིས་བག་མ་རྟ་ལས་བབས་པ་དང་། ཨ་ཞང་གིས་སྡེ་པ་དེ་ཚང་གི་རྒྱབ་ར་ཕྱི་མ་དང་ནང་མ། སྐས་འཛར་བཤད་པ་བཅས་ཀྱི་གཏམ་བཤད་དང་གླུ་གཞས་དང་བཅས་ཁྱིམ་ལ་བསུ། དེ་བཞིན་གཉེན་མི་མཛའ་གྲོགས་ཀུན་འདུས་ཏེ་མཚན་གུང་དེ་ནས་ཉིན་གཉིས་པའི་བར་གླུ་ལེན་གར་འཁྲབ་བྱེད་ཏེ་གཉེན་སྟོན་གྱི་མཛད་སྒོ་རྒྱ་ཆེར་སྤེལ་བཞིན་ཡོད།
   དེང་སང་མི་ཉག་ས་ཁུལ་གྱི་གཉེན་སྟོན་གྱི་མཛད་སྒོ་སྤེལ་བ་ལ་འགྱུར་བ་ཕྲན་བུ་བྱུང་བཞིན་ཡོད་པ་སྟེ། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་དཔལ་འབྱོར་སྔར་ལས་ཇེ་ལེགས་སུ་སོང་བ་དང་། མི་རྣམས་ཀྱི་བསམ་པའི་བློ་ཕྱོགས་ཀྱང་རིམ་གྱིས་འགྱུར་བཞིན་ཡོད་པས། ཡུལ་སྲོལ་གོམས་གཤིས་དང་སྤྱོད་ལམ་རྣམ་བཞི་སོགས་ཀྱི་ཐད་ནས་ཀྱང་འགྱུར་བ་དང་འཕེལ་རྒྱས་ཆེན་པོ་ཡོང་བཞིན་འདུག

   དེ་ལྟར་དུས་དང་རྐྱེན་གྱིས་གཉེན་སྒྲིག་གི་གཟབ་སྟོན་ལ་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པས། དེ་ནི་མི་རྣམས་ཀྱི་འཚོ་བ་དང་དཔལ་འབྱོར་ཉིན་བཞིན་གོང་དུ་འཕེལ་བ་དང་། མིའི་རིགས་ཀྱི་བསམ་བློའི་མཐོ་ཚད་ཀྱང་ཆེ་རུ་སོང་གིན་ཡོད་པ་ནི་ང་ཚོས་སྙིང་ཁོང་རུས་པའི་གཏིང་ནས་དགའ་འོས་པ་ཞིག་རེད་ཀྱང་། རིན་ཐང་བྲལ་བའི་གནའ་རབས་ཀྱི་ཡུལ་སྲོལ་རིག་གནས་འདི་དག་དེ་ལྟར་རང་སོར་ཉམས་མས་སུ་སོང་ན་བློ་ཕམ་པ་ཞིག་ཡིན་པས་ཕྱོགས་གཉིས་ནས་སྐྱོབ་ཅིང་གོང་ནས་གོང་དུ་སྤེལ་ཐུབ་པ་ཞིག་ལ་སེམས་དགོས་སོ།།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།