སྟོང་སྐོར་ཚེ་རིང་ཐར།བོད་རྒྱ་སྐད་གཉིས་མཐོ་རིམ་སློབ་གསོའི་སྐོར་གྱི་བསམ་གཞིག་དང་ལག་ལེན།

1.jpg

         དེང་སྐབས་བོད་རྒྱ་སྐད་གཉིས་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་དང་དེ་རྣམས་ཀྱི་ཕ་མ་རྣམས་ལ་མཚོན་ན།  མཐོ་འབྲིང་མཐར་ཕྱིན་པའི་རྗེས་སུ་སློབ་གྲྭ་ཆེན་མོའི་ནང་དུ་འགྲོ་ཐུབ་མིན་དེ་ནི་རྒྱུགས་སྤྲོད་མཁན་རྣམས་ཀྱི་མ་འོངས་་པའི་མི་ཚེའི་མདུན་ལམ་ལ་རག་ལས་པ་མ་ཟད།  ཕ་མ་རྣམས་ཀྱི་རང་རང་གི་བུ་དང་བུ་མོ་རྣམས་ལ་རེ་བ་ཆེན་པོ་བཅངས་ཡོད་པ་དེ་མངོན་དུ་འགྱུར་མིན་ལ་རག་ལས་པས། རྒྱུགས་འཕྲོད་མིན་དེ་སློབ་མ་སུ་ཞིག་ལ་མཚོན་ན་ཡང་མི་ཚེའི་དོན་བྱ་ཆེན་པོ་ཞིག་ཏུ་གྱུར་ཡོད་དེ།  དེ་ནི་སྤྱི་ཚོགས་དང་མི་སྒེར་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པའི་གནད་དོན་ཞིག་རེད།  ཡིན་ན་ཡང་།  སློབ་མས་འབད་བརྩོན་ཅི་ལྟར་བསྐྱེད་པ་དང་ཕ་མས་རེ་བ་ཅི་ལྟར་ཆེན་པོ་བཅངས་ན་ཡང་། མཐར་ཐུག་གི་འབྲས་བུ་ནི་རྒྱུགས་འབྲས་ཤིན་ཏུ་མཐོ་བའི་སློབ་མ་ཉུང་ཤས་ཙམ་མ་གཏོགས་རྒྱུགས་འཕྲོད་ཡོད་པའི་སློབ་མ་མང་ཆེ་ཤོས་སློབ་གྲྭ་ཆེན་མོ་འགྲོ་མི་ཐུབ་པ་དེ་རེད།  འོ་ན་ཀུན་གྱི་བློ་ཕམ་པའི་གནས་ཚུལ་དེ་འདྲ་བྱུང་བའི་གནད་དོན་གཙོ་བོ་གང་ལ་ཐུག་ཡོད་ཟེར་ན།  དེང་སྐབས་ཀྱི་སློབ་གྲྭ་ཆེན་མོ་རྣམས་སུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་མ་གཏོགས་པའི་སྐད་གཉིས་ཀྱི་ཆེད་ལས་མེད་པའི་སྐད་གཉིས་སློབ་མ་འགྲོ་ས་མེད་པའི་གནས་ཚུལ་བྱུང་བ་རེད།

     ༡༩༥༠ལོ་ནས་བཟུང་།  མི་རིགས་གྲངས་ཉུང་ས་ཁུལ་དུ་བྱ་བ་བསྒྲུབས་པའི་རྒྱ་ཡིག་དང་རྒྱ་སྐད་ཤེས་པའི་མི་རིགས་གྲངས་ཉུང་གི་ལས་བྱེད་པ་དང་།  མི་རིགས་གྲངས་ཉུང་གི་ཡི་གེ་དང་སྐད་ཆ་ཤེས་པའི་རྒྱ་རིགས་ཀྱི་ལས་བྱེད་པ་སྐྱེད་སྲིང་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་ཀ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས།  མི་རིགས་གྲངས་ཉུང་གི་སྐད་དང་ཡི་གེ་སློབ་སྦྱོང་བྱེད་པའི་མི་འཛིན་གྲྭ་སྣ་ཚོགས་བཙུགས་པ་རེད།  པེ་ཅེན་དང་མི་རིགས་གྲངས་ཉུང་གི་ས་གནས་རེ་རེར་བཙུགས་པའི་སློབ་གྲྭ་དེ་དག་གི་མིང་མི་འདྲ་ན་ཡང་།  དེ་ཐམས་ཅད་ནི་དེང་སང་གི་མི་རིགས་སློབ་གྲྭ་ཆེན་མོ་རྣམས་ཀྱི་རྨང་གཞི་རེད།  དེའི་རྒྱུ་མཚན་གྱིས།  སློབ་གྲྭ་དེ་དག་ཏུ་གཙོ་བོ་མི་རིགས་གྲངས་ཉུང་གིས་རྒྱ་སྐད་དང་རྒྱ་ཡིག་སློབ་རྒྱུ་དང་།  རྒྱ་རིགས་ཀྱིས་མི་རིགས་གྲངས་ཉུང་གི་སྐད་དང་ཡི་གེ་སློབ་རྒྱུ་ནི་ལས་འགན་གཙོ་བོར་གྱུར་ཡོད།  བོད་ཡིག་གི་སློབ་གསོ་ལ་མཚོན་ན་ཡང་དེ་ལྟ་སྟེ།  དེ་དུས་བོད་རིགས་ལས་བྱེད་པ་སྐྱེད་སྲིང་བྱས་པའི་འཛིན་གྲྭ་སྣ་ཚོགས་བཙུགས་པའི་རྨང་གཞིའི་སྟེང་དུ་དེང་སང་གི་མི་རིགས་སློབ་གྲྭ་ཆེན་མོ་རྣམས་སུ་ཡོད་པའི་བོད་རིག་པའི་སློབ་གླིང་འདི་བྱུང་བ་རེད།  ལོ་རྒྱུས་ཀྱི་རྒྱུ་མཚན་ལ་བརྟེན་ནས།  དེང་སང་གི་བོད་རིག་པའི་སློབ་གླིང་རྣམས་ཀྱི་སློབ་གསོའི་ནང་དོན་ཡང་ད་རུང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ལས་མ་འདས་པའི་གནས་ཚུལ་བྱུང་བ་མ་ཟད།  ཡོངས་ཁྱབ་ཀྱི་མི་རིགས་སློབ་གསོ་ཟེར་བ་དེ་ཡང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིགས་ཙམ་སློབ་སྦྱོང་བྱ་རྒྱུ་ཞིག་ལ་གོ་བའི་གནས་ཚུལ་བྱུང་ནས།  སློབ་གྲྭ་ཆེན་མོ་གཞན་པ་རྣམས་སུ་མི་རིགས་གྲངས་ཉུང་གི་སྐད་རིགས་དང་ཡིག་རིགས་བེད་སྤྱོད་བྱེད་པའི་ཆེད་ལས་གཏན་ནས་མི་འཛུགས་པའི་གནས་ཚུལ་ཞིག་ཀྱང་བྱུང་ཡོད།  ལུགས་སྲོལ་དེ་འདྲ་ཞིག་ཆགས་ཡོད་པ་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཡོད་པ་ནི།  མི་རིགས་གྲངས་ཉུང་གི་སྐད་ཡིག་གི་སློབ་གསོས་མི་རིགས་སློབ་གསོའི་ཚབ་བྱས་ཡོད་པས། བོད་པ་རྣམས་ཀྱིས་སློབ་གྲྭ་ཆེན་མོའི་ནང་དུ་བོད་ཡིག་སྟེང་ནས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་མ་གཏོགས་ཤེས་བྱ་ཅི་ཡང་སློབ་སྦྱོང་བྱ་མི་ཐུབ་པའི་གནས་ཚུལ་བྱུང་ནས། མི་རིགས་སློབ་གསོའི་མདུན་ལམ་དེ་ཡང་ཇེ་དོགས་དང་ཤེས་བྱ་སྣ་གཅིག་པུ་ལ་གྱུར་ཡོད་པ་ནི་ཤིན་ཏུ་སྐྱོ་བ་ཞིག་རེད། ཡིན་ནའང་།ཀུན་གྱི་ཤེས་གསལ་ལྟར་ན་སྐད་ཡིག་གི་སློབ་གསོ་ནི་ནམ་ཡང་མི་རིགས་སློབ་གསོའི་ཆ་ཤས་ཤིག་ཡིན་པ་ལས་མི་རིགས་སློབ་གསོའི་ཚབ་བྱེད་མི་ཐུབ་པ་དེ་ནི་ཆོས་ཉིད་ཅིག་རེད། ཀྲུང་གོ་རྒྱལ་ཁབ་ནས་ཐུན་མོང་སློབ་གསོ་དང་མི་རིགས་སློབ་གསོ་བྱ་བ་གཉིས་སུ་བཀར་བའི་ནང་གི་མི་རིགས་སློབ་གསོ་བྱ་བ་ནི། མི་རིགས་གྲངས་ཉུང་ཞིག་གི་སློབ་གསོའི་ཕྱོགས་ཐམས་ཅད་ལ་གོ་དགོས་པ་ལས། དེ་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་གཅིག་པུ་ལ་གོ་ན་ཁྱབ་ཤིན་ཏུ་ཆུང་དྲགས་པ་རེད། མི་རིགས་སློབ་གསོ་ཞེས་པས་མི་རིགས་དེ་གནས་པའི་ཡུལ་གྱི་སྤྱི་ཚོགས་ཀྱི་ཁྱབ་ཁུངས་ཐམས་ཅད་ལ་མཁོ་བའི་རིག་གནས་ཐམས་ཅད་སློབ་ཁྲིད་དང་སློབ་སྦྱོང་བྱེད་ཐུབ་པའི་སློབ་གསོ་ཞིག་ཡིན་དགོས་ཏེ། དཔེར་ན། ཆབ་སྲིད་དང་། སྐད་རིག རྩོམ་རིག ལོ་རྒྱུས། ཆོས་ལུགས། དཔལ་འབྱོར། གསོ་རིག  ཁྲིམས་ལུགས། ཚོང་ལས། དངུལ་ལས། དངོས་ལུགས། རྩིས་རིག རྫས་འགྱུར་སོགས་དང་། ཀྲུང་གོ་རྒྱལ་ཁབ་ལ་མཚོན་ན་དེ་ཐམས་ཅད་བོད་ཡིག་དང་རྒྱ་ཡིག་གཉིས་ཀའི་སྟེང་ནས་སློབ་སྦྱོང་བྱ་ཐུབ་ན་ད་གཟོད་ཀྲུང་གོའི་མི་རིགས་གྲངས་ཉུང་ས་ཁུལ་གྱི་དོན་དངོས་དང་མཐུན་པའི་སློབ་གསོ་རེད། གལ་ཏེ་དེ་འདྲ་ཞིག་མ་ཡིན་ན། མི་རིགས་སློབ་གསོ་དེ་མ་ལག་མ་ཚང་ཞིང་ནུས་པ་མ་འཛོམས་པའི་རྐང་རྡུམ་ལག་རྡུམ་ཞིག་ཡིན་པ་ལས་སྤྱི་ཚོགས་ཀྱི་དགོས་མཁོ་བསྐང་ཐུབ་པའི་སློབ་གསོ་ཞིག་གཏན་ནས་མ་ཡིན་ནོ། །བོད་རིགས་ཀྱི་སྤྱི་ཚོགས་ལ་མཚོན་ན། འབྲོག་པ་དང་ཡང་ན་ཞིང་བ་ཞིག་དངུལ་ཁང་ནང་དུ་དངུལ་བཅོལ་རྒྱུ་དང་། དངུལ་ལེན་རྒྱུ་དང་། དངུལ་བསྐུར་རྒྱུ་ལ་སོགས་པའི་དངུལ་ལས་ཤིན་ཏུ་ལས་སླ་བ་ཞིག་བསྒྲུབ་དགོས་དུས། དངུལ་ཁང་གི་ལས་བྱེད་པས་བོད་སྐད་མ་ཤེས་ན་འབྲོག་པ་དང་ཞིང་པ་རྣམས་ལ་ཞབས་ཞུ་སྒྲུབ་མི་ཐུབ་པ་དེས་མི་རིགས་སློབ་གསོའི་ནུས་པ་ཤོར་ཡོད་པ་མཚོན་ཡོད་པ་རེད། དེ་མཚུངས་སུ། སྲིད་གཞུང་གི་ལས་ཁུངས་དང་། སྨན་ཁང་། ཁྲིམས་ཁང་། སྦྲག་ཁང་། སྤྱི་བདེ། རྟོག་དཔྱོད་ཁང་གང་ལ་སོང་ན་ཡང་སྐད་གཉིས་ཤེས་པའི་ལས་བྱེད་པ་མེད་ན་རྒྱ་སྐད་དང་རྒྱ་ཡིག་ཤེས་པའི་མི་སྣ་གཅིག་པུ་མ་གཏོགས་རྒྱ་སྐད་དང་རྒྱ་ཡིག་མི་ཤེས་པའི་མང་ཚོགས་ལ་ཞབས་ཞུ་སྒྲུབ་མི་ཐུབ་པའི་གནས་ཚུལ་ཡོངས་ཁྱབ་རེད། གནས་ཚུལ་དེས་རྒྱ་སྐད་མི་ཤེས་པའི་བོད་རིགས་མང་ཚོགས་ཀྱི་འཚོ་བ་སྟབས་ཤིན་ཏུ་མི་བདེ་བ་བསྐྲུན་ཡོད་པ་མ་ཟད། རྒྱལ་ཁབ་སྲིད་གཞུང་དང་མི་རིགས་གྲངས་ཉུང་གི་བར་ཐག་ཇེ་རིང་དུ་བཏང་ཡོད་པ་དང་།སྐབས་སྐབས་སུ་འགལ་ཟླ་ཡང་འབྱུང་བའི་ཉེན་ཁ་ཡོད། སྤྱི་ཚོགས་ཀྱི་འགལ་ཟླ་གང་ན་ཡོད་ཅེ་ན། ཆ་གཅིག་ནས་སྤྱི་ཚོགས་སྟེང་གི་གོང་སྨྲས་ཀྱི་ལས་རིགས་ཐམས་ཅད་ལ་སྐད་གཉིས་ཤེས་པའི་ཆེད་ལས་མི་སྣའི་དགོས་མཁོ་ཆེ་བ་དང་། མཐོ་འབྲིང་མཐར་ཕྱིན་པའི་སྐད་གཉིས་ཀྱི་རྨང་གཞི་ཤིན་ཏུ་ལེགས་པའི་སློབ་མ་ཡང་མང་པོ་ཡོད་པ་དང་། ཆ་གཞན་ཞིག་ནས་སློབ་གྲྭ་ཆེན་མོ་རྣམས་ལ་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་པའི་སྐད་གཉིས་ཀྱི་མི་སྣ་སྐྱེད་སྲིང་བྱ་བའི་ཆེད་ལས་ཤིན་ཏུ་ཉུང་བའི་གནས་ཚུལ་བར་གྱི་འགལ་ཟླ་རེད། གནད་དོན་དེ་ཐག་གཅོད་དགོས་ན། སློབ་གྲྭ་ཆེན་མོ་རྣམས་ཀྱིས་ངེས་པར་དུ་སྐད་གཉིས་ཀྱི་ཆེད་ལས་གསར་བ་འཛུགས་དགོས་པ་དེ་གནད་འགག་གཙོ་བོ་རེད། 

     གོང་སྨྲས་ཀྱི་གནས་ཚུལ་དེ་ལ་དམིགས་ཤིང་བསམ་གཞིག་བཏང་ནས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གིས་གནད་དོན་དེ་ཐག་གཅོད་བྱེད་པའི་ཚོད་ལྟ་ཅུང་ཙམ་བྱས་དང་བྱེད་བཞིན་ཡོད་དེ།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་ལ་བོད་ཀྱི་སྐད་ཡིག་དང་རྩོམ་རིག   ཡིག་སྒྱུར་འཛིན་གྲྭ  ཀ་ཁ་འཛིན་གྲྭ་བཅས་ཡོད་པ་མ་ཟད།   གཞན་ཡང་དངོས་ལུགས་སློབ་གླིང་དང་།  སྐྱེ་དངོས་དང་ཁོར་ཡིག་སློབ་གླིང་། རྩིས་འཁོར་དང་རྩིས་འཁོར་སློབ་གླིང་བཅས་ལ་བོད་རྒྱ་སྐད་གཉིས་འཛིན་གྲྭ་ཡོད་པ་མ་ཟད། ཉེ་རབས་ཀྱི་ལོ་འགའི་རིང་ལ། བོད་རིག་པ་ཞིབ་འཇིག་གླིང་དང་ཁྲིམས་ལུགས་རིག་པའི་སློབ་གླིང་གཉིས་མཉམ་ལས་བྱས་ནས་བོད་རྒྱ་སྐད་གཉིས་ཁྲིམས་ལུགས་འཛིན་གྲྭ་བཙུགས་པ་དང་། བོད་རིག་པ་ཞིབ་འཇུག་གླིང་དང་གསར་འགྱུར་བརྒྱུད་སྤེལ་སློབ་གླིང་གཉིས་མཉམ་ལས་བྱས་ནས་བོད་རྒྱ་སྐད་གཉིས་གསར་འགྱུར་འཛིན་གྲྭ་བཙུགས་པ། ད་ལོ་ཡང་བོད་རིག་པ་ཞིབ་འཇུག་གླིང་དང་དོ་དམ་སློབ་གླིང་གཉིས་མཉམ་ལས་བྱས་ནས་བོད་རྒྱ་སྐད་གཉིས་ཡུལ་སྐོར་དོ་དམ་འཛིན་གྲྭ་བཙུགས་པ་ཡིན། གོང་སྨྲས་ཀྱི་འཛིན་གྲྭ་དེ་དག་ནང་གི་བོད་ཀྱི་རིག་གནས་སྐོར་བོད་རིག་པ་ཞིབ་འཇུག་གླིང་གིས་སློབ་ཁྲིད་བྱེད་བཞིན་ཡོད། དེ་ལས་ཀྱང་གལ་ཆེ་བ་ནི། འཛིན་གྲྭ་དེ་ཐམས་ཅད་ཀྱི་སློབ་མ་ནི་བོད་ཡིག་སློབ་སྦྱོང་བྱས་ནས་བོད་ཡིག་གིས་རྒྱུགས་སྤྲད་པའི་སློབ་མ་ཡིན་པས། ཁོ་ཚོ་ལ་བོད་རྒྱ་གཉིས་ཀའི་སྐད་ཡིག་གི་རྨང་གཞི་གང་ལེགས་ལྡན། དེའི་རྨང་གཞིའི་སྟེང་དུ་ཆེད་ལས་རྒྱ་ཡིག་གིས་སློབ་ཁྲིད་བྱེད་ཅིང་བོད་ཀྱི་སྐད་ཡིག་མུ་མཐུད་དུ་སློབ་ཁྲིད་བྱས་ན། ལོ་བཞིའ་རྗེས་སུ་སློབ་མ་འདི་ཚོ་ལ་ཆེད་ལས་དང་བོད་རྒྱའི་སྐད་ཡིག་གཉིས་ཀའི་ཡོན་ཏན་གང་ལེགས་འབྱོར་ཐུབ་པས། དེང་སྐབས་སྤྱི་ཚོགས་སྟེང་གི་ལས་གནས་མང་པོ་ཞིག་ལ་སྐད་གཉིས་ཀྱི་ཤེས་ལྡན་མི་སྣ་མེད་པའི་སྟོང་ཆ་དེ་སྐོང་ཐུབ་པ་མ་ཟད། སློབ་མ་དེ་ཚོ་ལ་ལས་གནས་འཚོལ་བའི་མཐུན་རྐྱེན་ཡང་གང་ལེགས་སྦྱོར་ཐུབ་པ་མངོན་གསལ་རེད།

      སྐད་ཡིག་གི་བླ་སྲོག་ནི་བེད་སྤྱོད་ཡིན། ཡིག་རིགས་གང་ཡིན་ཡང་དེ་བེད་སྤྱོད་བྱེད་མ་ཐུབ་ན་ཡིག་རིགས་དེའི་ཚེ་ཐག་རིང་མི་ཐུབ་པ་འཛམ་བུ་གླིང་གི་སྐད་ཡིག་གི་ལོ་རྒྱུས་སྟེང་ནས་ར་སྤྲོད་བྱུང་ཡོད་དེ། སྐད་ཡིག་གཅིག་བེད་སྤྱོད་བྱ་དགོས་ན་ངེས་པར་དུ་སྤྱི་ཚོགས་ཀྱི་ལས་རིགས་དང་ཁྱབ་ཁོངས་སོ་སོ་ལ་བེད་སྤྱོད་བྱ་དགོས་པ་ལས། སྐད་ཡིག་ཁོ་ན་ཙམ་མ་གཏོགས་སློབ་ཁྲིད་མེད་ན། སྤྱི་ཚོགས་ཀྱི་ཁྱབ་ཁོངས་གཞན་པ་རྣམས་སུ་བེད་སྤྱོད་བྱས་པའི་སྐད་ཡིག་གི་ཤན་ཞུགས་ཆེ་དྲགས་ནས་མཐར་རང་གི་སྐད་ཡིག་དེས་སྐད་ཡིག་ཙམ་གྱི་གོ་གནས་ཀྱང་འཛིན་མི་ཐུབ་པའི་གནས་སུ་འགྱུར་འགྲོ  བེད་སྤྱོད་མེད་ན་སྐད་ཡིག་རང་ས་ནས་ནུས་པ་འཆོར་འགྲོ དཔེར་ན། ལེགས་སྤྱར་སྐད་དང་མན་ཇིའི་སྐད་ལྟབུའོ།། ད་སྐབས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་དུ་བོད་རིག་པ་ཞིབ་འཇུག་གླིང་འདུས་ནས་སློབ་གླིང་བདུན་གྱི་ནང་དུ་བོད་རྒྱ་སྐད་གཉིས་ཀྱི་ཆེད་དུ་ལས་བཙུགས་ཡོད་པ་དེས་རྒྱལ་ཡོངས་ཀྱི་སྐད་གཉིས་ཀྱི་སློབ་གསོའི་མདུན་ལམ་ལ་ཁ་ཕྱོགས་ཤིག་བསྟན་ཡོད་པས། སློབ་གྲྭ་གཞན་པ་རྣམས་ཀྱིས་ཀྱང་དེ་ལྟར་སྐད་གཉིས་ཀྱི་ཆེད་ལས་རྒྱ་བསྐྱེད་དེ། ཀྲུང་གོའི་ཞིང་ལྗོངས་ལྔའི་བོད་རིགས་ས་ཁུལ་དུ་མཁོ་ཆེ་བའི་ཆེད་ལས་ཐམས་ཅད་སྐད་གཉིས་སྟེང་ནས་སློབ་ཁྲིད་བྱ་ཐུབ་ན། བོད་རིགས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཇེ་ལེགས་སུ་འགྲོ་ངེས་ཏེ། སྲིད་གཞུང་གི་ལས་གནས་ཐམས་ཅད་དུ་མང་ཚོགས་ཀྱི་སྐད་དང་མཐུན་པའི་ལས་བྱེད་པ་ཡོད་ན་སྲིད་གཞུང་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་འཆམ་མཐུན་དུ་འགྱུར་ངེས་པ་དང་། མི་རིགས་སློབ་གསོའི་མ་ལག་ཇེ་ཚང་དུ་འགྲོ་ངེས་པ། མཐོ་འབྲིང་གི་མཐར་ཕྱིན་སློབ་མ་རྣམས་སློབ་གྲྭ་ཆེན་མོར་འགྲོ་ཐུབ་པ་མ་ཟད་ཁོ་ཚོ་མཐར་ཕྱིན་ན་སྤྱི་ཚོགས་ཀྱི་ལས་གནས་འཚོལ་བདེ་བ། མཐར་བོད་མི་རིགས་ཀྱི་རིག་གནས་བེད་སྤྱོད་ཀྱི་ཁྱབ་རྒྱ་ཇེ་ཆེར་འགྲོ་བ་བཅས་པའི་དགེ་མཚན་རྒྱ་ཆེན་པོ་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།