ཆོས་ལུགས་དད་མོས་ཀྱི་རྩ་ཁྲིམས་ཚད་གཞིའི་སྐོར་གླེང་བ།

海螺 5.jpg

  དེང་རབས་རྒྱལ་ཁབ་ཀྱིས་ཁྲིམས་ལུགས་ལ་བརྟེན་ནས་རྒྱལ་ཁབ་དོ་དམ་བྱེད་པ་དང་། བཅའ་ཁྲིམས་ཡོད་ཚད་ལས་རྩ་ཁྲིམས་ནི་རྩ་བའི་བཅའ་ཁྲིམས་ཆེན་མོ་ཡིན་ལ། བཅའ་ཁྲིམས་གཞན་པའི་རྨང་གཞིའང་ཡིན། རྒྱལ་ཁབ་ཅིག་གི་ཆོས་ལུགས་དད་མོས་རང་དབང་གི་ཆུ་ཚད་དང་གནས་ཚུལ་དེ། རྩ་ཁྲིམས་ཀྱི་ཚད་ངོས་ནས་རྒྱལ་ཁབ་འདིས་ཆོས་ལུགས་ཚོགས་པ་དང་དད་མོས་མཁན་ལ་བཟུང་བའི་སྲིད་ཇུས་ལ་སྤྱི་ཁོག་ནས་ངོས་འཛིན་དང་གདེང་ཚོད་བྱེད་དགོས། རྩ་ཁྲིམས་ནང་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་དང་ཆོས་ལུགས་བྱ་འགུལ་སྤེལ་བའི་ཁེ་དབང་གཏན་ཁེལ་བྱས་པས་སྤྱི་དམངས་ཀྱི་རང་དབང་ཆུ་ཚད་མཚོན་ཡོད། རྒྱལ་ཁབ་ཀྱི་དབང་ཆ་དང་ཆོས་ལུགས་ཀྱི་འབྲེལ་བ་དེ་རྒྱལ་ཁབ་ཀྱི་ལམ་ལུགས་ཇུས་འགོད་བྱེད་པའི་སྟེང་ནས་རྒྱལ་ཁབ་ཀྱི་ཆོས་ལུགས་དད་མོས་རང་དབང་གི་གནས་ཚུལ་མཚོན་ཐུབ་པ་རེད། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་སྟེང་གི་རང་དབང་རང་བཞིན་གཏན་ཁེལ་བྱས་པ་ལས་ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བདག་དབང་མཚོན་ཐུབ་པ་རེད། རང་རེའི་རྒྱལ་ཁབ་ནི་ཆོས་ལུགས་མང་པོ་མཉམ་དུ་གནས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ལ། རྒྱལ་ཡོངས་སུ་ཆོས་ལུགས་ལ་དད་མོས་བྱེད་པའི་སྤྱི་དམངས་དུང་ཕྱུར་གཅིག་ལྷག་ཡོད་པས། ཆོས་ལུགས་དད་མོས་རང་དབང་དང་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་མི་ཀུན་གྱིས་ཡོངས་ཁྱབ་ཏུ་དོ་སྣང་བྱེད་ཀྱིན་ཡོད་པ་རེད། སྤྱི་ཚོགས་འཚོ་བའི་ནང་ཆོས་ལུགས་གནས་ཡོད་པའི་དོན་དངོས་ལ་རྒྱལ་ཁབ་ཀྱིས་འཛིན་སྟངས་ཡང་དག་བྱེད་པ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་དང་ཆོས་ལུགས་བར་གྱི་འབྲེལ་བ་ལེགས་སྒྲིག་ཡང་དག་བྱེད་པ། སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་གི་ཁེ་དབང་འགན་སྲུང་བྱ་ཆེད། རྩ་ཁྲིམས་ཀྱི་དོན་ཚན36པའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་ལུགས་དད་མོས་བྱེད་པའི་རང་དབང་ཡོད་ཕྱིར། རྒྱལ་ཁབ་ཀྱི་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། མི་སྒེར་གང་ཞིག་ཡིན་རུང་། སྤྱི་དམངས་ལ་བཙན་གྱིས་ཆོས་ལུགས་དད་མོས་བྱེད་དུ་འཇུག་པ་དང་། ཡང་ན་དད་མོས་བྱེད་དུ་མ་བཅུག་ན་མི་ཆོག་པ་དང་། ཆོས་ལུགས་ལ་དད་མོས་བྱེད་པའི་སྤྱི་དམངས་དང་ཆོས་ལུགས་ལ་དད་མོས་མི་བྱེད་པའི་སྤྱི་དམངས་ལ་མཐོང་ཆུང་བྱེད་མི་ཆོག་པ། རྒྱལ་ཁབ་ཀྱིས་རྒྱུན་ལྡན་ཡིན་པའི་ཆོས་ལུགས་བྱ་འགུལ་ལ་སྲུང་སྐྱོང་བྱེད་པ་དང་། མི་སུ་ཞིག་ཡིན་རུང་ཆོས་ལུགས་བེད་སྤྱད་ནས་སྤྱི་ཚོགས་འགྲིག་ལམ་ལ་གཏོར་བརླག་བྱེད་པ་དང་སྤྱི་དམངས་ཀྱི་མི་ལུས་བདེ་ཐང་ལ་གནོད་འཚེ་བཟོ་བ། རྒྱལ་ཁབ་ཀྱི་སློབ་གསོ་ལམ་ལུགས་ལ་གནོད་སྐྱེལ་བའི་བྱ་འགུལ་སྤེལ་མི་ཆོག ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ལ་ཕྱི་རྒྱལ་ཀྱི་སྟོབས་ཤུགས་ཀྱིས་བཀོད་སྒྲིག་བྱེད་མི་ཆོག་པ་བཅས་གཏན་ལ་ཕབ་ཡོད། རྩ་ཁྲིམས་ནང་དུ་ཆོས་ལུགས་དད་མོས་ཀྱི་སྐོར་ལ་གཏན་ཁེལ་བྱས་པ་དེས་རྒྱལ་ཁབ་ཀྱིས་ཆོས་ལུགས་དད་མོས་ལ་བཟུང་བའི་ཚད་གཞི་སྙིང་བསྡུས་ངང་གསལ་བོར་མཚོན་ཡོད།
  དང་པོ། ཆོས་ལུགས་དད་མོས་རང་དབང་གི་རྩ་དོན།
  ཆོས་ལུགས་དད་མོས་རང་དབང་ནི་མི་རྣམས་ཀྱི་བསམ་པའི་འཚོ་བའི་རང་དབང་མཚོན་པས། དེ་ནི་མི་གཤིས་ཀྱི་རྩ་བའི་དགོས་མཁོ་ཡིན་པ་དང་། མི་སོ་སོ་བའི་སེམས་ལ་རག་ལས་པས་ན། ཕྱི་ཤུགས་ཀྱིས་བར་ཆད་གཏོང་མི་རུང་། རང་རྐྱ་ཕེར་བའི་མི་གཤིས་ལྡན་པའི་མི་གང་རུང་ཞིག་ལ་མཚོན་ནས་བཤད་ན། ལྷན་སྐྱེས་ཡིན་པའམ་རང་གི་དད་མོས་རང་གིས་གདམ་པ་དང་། དེ་བྱེད་སྟངས་ངེས་ཅན་ཞིག་བརྒྱུད་ནས་དད་མོས་མཚོན་པར་བྱེད་པའི་རང་དབང་དེ་ལོངས་སུ་སྤྱད་དགོས། དེ་བས་ཆོས་ལུགས་དད་མོས་རང་དབང་ནི་འགྲོ་བ་མིའི་རྩ་བའི་ཐོབ་ཐང་གི་གྲུབ་ཆ་གལ་ཆེན་ཡིན་ལ། རྒྱལ་སྤྱིའི་ཆིངས་ཡིག་མང་པོ་དང་རྒྱལ་ཁབ་སོ་སོའི་རྩ་ཁྲིམས་ནང་དུ་གཏན་ལ་ཕབ་ཡོད། རང་རེའི་རྒྱལ་ཁབ་ཀྱིས་རྩ་ཁྲིམས་ནང་དུ་ཆོས་ལུགས་དད་མོས་སྐོར་ལ་གཏན་ཁེལ་བྱས་པ་དེ《འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ》གྱི་དགོངས་དོན་དང་མཐུན་ཅིང་། དེང་སྐབས་ཀྱི་འཛམ་གླིང་སྟེང་རྩ་ཁྲིམས་ལས་སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་ངེས་པར་མཚོན་དགོས་པའི་བསམ་བློ་ནན་གྱིས་བསྟན་པ་དེ་མཚོན་ཡོད་ལ། དེང་རབས་རྒྱལ་ཁབ་ཀྱིས་སྤྱི་དམངས་ཀྱིས་ལོངས་སུ་སྤྱད་པའི་ཆོས་ལུགས་ལ་དད་མོས་བྱེད་པའི་རང་དབང་གི་ཁེ་དབང་ལ་ཁས་ལེན་པ་དང་སྲུང་སྐྱོང་བྱེད་པ་མཚོན་ཡོད་པ་རེད།
  ཆོས་ལུགས་དད་མོས་རང་དབང་དེ་མིའི་བསམ་བློའི་སྟེང་དང་འདུ་ཤེས་སྟེང་ཆོས་ལུགས་ག་གེ་མོ་ལ་དད་མོས་བྱེད་པ་འདུ་བར་མ་ཟད། ད་དུང་རང་གིས་དད་མོས་བྱེད་པའི་ཆོས་ལུགས་ལ་བྱ་སྤྱོད་སྟེང་གི་བྱ་བྱེད་མཚོན་པ་འདུས་པ་སྟེ། ཆོས་ལུགས་ཀྱི་ཆོ་གའི་ནང་ཞུགས་པ་དང་ཆོས་ལུགས་བྱ་འགུལ་ནང་ཞུགས་ཏེ། རང་དབང་ཡོད་པའི་ཆོས་ལུགས་དད་མོས་ལག་ཏུ་བསྟར་བའོ། །དེ་བས་ཆོས་ལུགས་དད་མོས་ལ་ཕྱི་ནང་ཕྱོགས་གཉིས་འདུས་པ་སྟེ། ནང་གི་ཕྱོགས་ནས་བཤད་ན་ཡིད་ཆེས་དང་བརྩེ་དུང་འདུས་པ་རེད། དེ་ནི་མི་རང་ཉིད་ཁོ་ནར་གཏོགས་པའི་དོན་དག་ཡིན་པས་མིའི་བསམ་པའི་ཁྱབ་ཁོངས་སུ་བྱུང་བ་ཞིག་རེད། སྤྱིར་བཏང་དུ་བཤད་ན་ཆོས་ལུགས་དད་མོས་རང་དབང་ནི་ནང་གི་ཕྱོགས་ཀྱི་རང་དབང་ཁོ་ནར་བསྟན་པ་རེད། ཕྱི་ཡི་ཕྱོགས་ནས་བཤད་ན་རྩ་འཛུགས་དང་སྒྲིག་སྲོལ་དང་བྱ་སྤྱོད་ལ་སོགས་པ་འདུས་པ་རེད། དེ་ནི་སྤྱི་ཚོགས་ལས་དོན་ལ་གཏོགས་པས་ན། སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་སུ་བྱུང་བ་ཡིན་ལ། བཅའ་ཁྲིམས་ཀྱིས་ཁས་ལེན་པའི་ཁྱབ་ཁོངས་སུ་ངེས་པར་སྤེལ་དགོས། ཁྲིམས་ལུགས་དང་མཐུན་པའི་ཆོས་ལུགས་ཡིན་པའི་དབང་དུ་བཏང་ནའང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་ཚོད་འཛིན་དང་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྟེན་པའི་དོ་དམ་ངེས་པར་དང་ལེན་བྱེད་དགོས། སྤྱི་ཚོགས་འཚོ་བའི་ནང་དུ་ཁྲིམས་ལ་བརྟེན་ནས་ཆོས་ལུགས་ལས་དོན་ཐད་དོ་དམ་བྱས་ན། སྤྱི་པའི་འཚོ་བ་དང་མི་སྒེར་གྱི་འཚོ་བའི་ནང་གི་ཆོས་ལུགས་དད་མོས་ཀྱི་དབྱེ་མཚམས་དེ་ནན་གྱིས་འགེར་དགོས། སྤྱི་པའི་འཚོ་བའི་ནང་དུ་ཆོས་ལུགས་ཞུགས་པ་ནན་གྱིས་ཚོད་འཛིན་བྱེད་དགོས། དེའི་དམིགས་ཡུལ་ནི་མི་རེ་རེའི་ཆོས་ལུགས་དད་མོས་རང་དབང་ལ་སྲུང་སྐྱོང་བྱས་ནས། མི་གཞན་པའི་ཆོས་ལུགས་དད་མོས་རང་དབང་ལ་གཉའ་གནོན་བྱེད་པར་སྔོན་འགོག་བྱེད་པ་ཡིན་ནོ། །མི་སྒེར་གྱི་འཚོ་བའི་ནང་དུ་མི་རེ་རེ་བས་རང་གི་ཆོས་ལུགས་དད་མོས་རང་དབང་ལ་ལོངས་སྤྱོད་གང་ལེགས་བྱེད་ཆོག་པ་རེད། རྩ་ཁྲིམས་དང་བཅའ་ཁྲིམས་ནང་གི་ཆོས་ལུགས་དད་མོས་རང་དབང་དེ་ནི་སྤྱི་དམངས་ཀྱི་རྩ་བའི་ཁེ་དབང་དང་རང་དབང་ཡིན་པར་མཐའ་གཅིག་ཏུ་ངོས་བཟུང་བ་དང་འདྲ་མཉམ་ངང་གནས་ཡོད། དེའི་དམིགས་ཡུལ་ནི་སྤྱི་དམངས་རེ་རེ་བའི་ཆོས་ལུགས་དད་མོས་རང་དབང་ལ་སྲུང་སྐྱོང་བྱེད་པ་སྟེ། དེའི་ནང་དུ་ཆོས་ལུགས་ལ་དད་མོས་མི་བྱེད་པའི་རང་དབང་འདུས་པར་མ་ཟད། ད་དུང་གོ་གནས་འདྲ་མཉམ་ཡིན་པའང་འདུས། འདྲ་མཉམ་ཡིན་པའི་གོ་གནས་དེ་རིགས་སྤྱིར་བཏང་བའི་རྩ་དོན་གྱི་ཚད་ངོས་སུ་མ་བཞག་པར། ཁྲིམས་འཛུགས་པ་དང་ཁྲིམས་འཛིན་པ། སྲིད་འཛིན་ཁྲིམས་བསྟར་བྱེད་པ་ལ་སོགས་པའི་བྱེད་སྟངས་དངོས་བརྒྱུད་དེ་དངོས་གནས་སྲུང་སྐྱོང་བྱེད་པ་རེད།
  གཉིས་པ། ཆོས་སྲིད་ཐ་དད་པའི་རྩ་དོན།
  ཆོས་སྲིད་ཐ་དད་པའི་རྩ་དོན་ནི་སྤྱིར་བཏང་དུ་དེང་རབས་རྒྱལ་ཁབ་ཀྱིས་རྒྱལ་ཁབ་དང་ཆོས་ལུགས་བར་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་གཞི་རྩའི་རྩ་དོན་ཞིག་ཡིན། མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད། མི་སུ་དང་གང་ཞིག་གིས་རང་གི་ཆོས་ལུགས་དད་མོས་དེ་མི་གཞན་པའི་མགོར་བཙན་གྱིས་འཇོག་མི་ཆོག་པ་དང་། ཐ་ན་རྒྱལ་ཁབ་ཀྱི་དབང་སྒྱུར་བྱེད་མཁན་ཡིན་པའི་དབང་དུ་བཏང་ནའང་དེ་ལྟར་བྱེད་མི་ཆོག་པ་རེད། དེའི་ཕྱིར། ཆབ་སྲིད་དང་ཆོས་ལུགས་སོ་སོར་དགར་བ་དེ་རྒྱལ་ཁབ་ཀྱི་སྲིད་དབང་བཀོལ་ནས་ཆོས་ལུགས་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་རིམ་པའི་ཆོས་ལུགས་དང་། ཆོས་ལུགས་དང་ཆབ་སྲིད་དབང་སྒྱུར་གཉིས་གཞི་གཅིག་ཅན་དུ་འགྱུར་མི་ཐུབ་བོ། །ཆོས་སྲིད་ཐ་དད་པ་ཞེས་པ་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱིས་ཆོས་ལུགས་གྲུབ་མཐའ་གང་ཞིག་ལ་རྒྱབ་སྐྱོར་མི་བྱེད་པའམ། ཡང་ན་གཏན་འགོག་མི་བྱེད་པ་གཏན་ལ་ཕབ་ཡོད། རྒྱལ་ཁབ་ཀྱིས་ཆོས་ལུགས་དཔྱ་ཁྲལ་མི་བསྡུ་བ་དང་། རྩ་འཛུགས་གང་ཞིག་ལའང་བྱེད་སྟངས་ག་འདྲ་ཡིན་པའི་ནོར་སྲིད་ཁ་སྣོན་མི་བྱེད་པ། ཆོས་ལུགས་དང་འབྲེལ་བའི་འགྲོ་སོང་དེ་རྒྱལ་ཁབ་ཀྱི་སྔོན་རྩིས་ནང་བཀོད་མི་ཆོག་པ་རེད། ཆོས་ལུགས་རྩ་འཛུགས་དང་མི་སྣས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་དང་སྲིད་འཛིན་དང་སློབ་གསོར་ཐེ་གཏོགས་བྱེད་མི་ཆོག ཆོས་སྲིད་འབྲེལ་བ་དེ་རྦད་དེ་བཅའ་ཁྲིམས་ཀྱིས་སྙོམ་སྒྲིག་བྱེད་དགོས་པ་བསྟན་པ་རེད། དཔེ་དབྱིབས་འདི་འདྲའི་འོག་ཏུ་སྲིད་གཞུང་དང་ཆོས་ལུགས་བར་གྱི་བཅའ་ཁྲིམས་འབྲེལ་བ་ནི་ཕན་ཚུལ་འདྲ་མཉམ་དང་རང་རྐྱ་ཕེར་བ་ཡིན་ལ། ཆོས་ལུགས་སོ་སོའི་བར་ཡང་འདྲ་མཉམ་ཡིན། གལ་ཏེ་ཆོས་ལུགས་བྱ་འགུལ་གྱི་བྱ་སྤྱོད་ཀྱིས་བཅའ་ཁྲིམས་དང་འགལ་བ་དང་། ཆབ་སྲིད་ལ་ཐེ་གཏོགས་བྱེད་པ། ཡང་ན་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཏང་ན། བཅའ་ཁྲིམས་ཀྱི་རྩད་གཅོད་དང་ཆད་པ་ཐེབས་ངེས།
  ཆོས་སྲིད་ཐ་དད་པའི་རྩ་དོན་དང་ཆོས་ལུགས་འདྲ་མཉམ་དབང་ཆ་ནི་ཆོས་ལུགས་དད་མོས་རང་དབང་གི་ལྟ་བ་ལ་ཆེས་བཟང་བོའི་སྒོ་ནས་གསལ་བཤད་བྱས་ཤིང་མཚོན་པ་རེད། གལ་ཏེ་ཆོས་སྲིད་སོ་སོར་མ་དགར་ན་ཆོས་ལུགས་དད་མོས་ལྷད་མེད་པ་ཞིག་ཡོད་མི་སྲིད་ལ། མི་རྣམས་ཀྱིས་གཞུང་ཕྱོགས་ཅན་གྱི་ཆོས་ལུགས་དང་ལེན་བྱས་ཏེ། རང་དབང་གི་དད་མོས་རེ་འདོད་གང་ལེགས་སྒོས་མཚོན་མི་ཐུབ་ཅིང་། དེའི་དད་མོས་དང་བྱ་སྤྱོད་ཡོད་ཚད་གཞུང་ཕྱོགས་ཅན་གྱི་ཆོས་ལུགས་ཀྱིས་ཚོད་འཛིན་ཐེབས་ངེས་རེད། ཆོས་སྲིད་སོ་སོར་དགར་ན། མི་རྣམས་ཀྱི་དད་མོས་རེ་འདོད་དང་དད་མོས་བྱ་སྤྱོད་ཀྱི་ལག་ལེན་དེ་ད་གཟོད་གང་ལེགས་སྒོས་མཚོན་ཐུབ་ཅིང་། ཕྱི་ཤུགས་ཀྱི་བཀོལ་སྤྱོད་ཐེབས་མི་དགོས་པ་རེད། མི་རྣམས་ཀྱི་སེམས་ཁོང་གི་དད་མོས་ལ་གལ་ཏེ་རང་དབང་མེད་ཚེ་དོན་དངོས་ཀྱི་ནང་དོན་སྤུ་ཙམ་ཡང་མེད། གལ་ཏེ་དད་མོས་རང་དབང་ཐད་སྲིད་གཞུང་གི་འོས་འཚམ་མིན་པའི་ཚོད་འཛིན་དང་ཡང་ན་ཐེ་གཏོགས་བྱས་ན། ཆོས་ལུགས་དད་མོས་རང་དབང་ཞེས་པ་ཞིག་ཡོད་མི་སྲིད། ཆོས་སྲིད་ཐ་དད་པ་ནི་ཆོས་ལུགས་དད་མོས་རང་དབང་གི་སྔོན་འགྲོ་ཡིན་ལ། ཆོས་ལུགས་རང་དབང་ཡིན་པའི་ཁག་ཐེག་ཀྱང་རེད། ཆོས་ལུགས་དད་མོས་སོགས་བསམ་པའི་ཁྱབ་ཁོངས་ནང་གི་གནད་དོན་དང་འབྲེལ་ཚེ། རྒྱལ་ཁབ་ཀྱི་འགན་འཁྲི་ནི་སྤྱི་དམངས་རེ་རེའི་རང་དབང་འགན་སྲུང་བྱས་ཏེ། ཆོས་ལུགས་དད་མོས་ཤིག་གིས་མི་ཡོད་ཚད་ཀྱི་བསམ་བློའི་དད་མོས་ལ་དབང་སྒྱུར་བ་འགོག་དགོས་ལ། གཞན་པའི་ཆོས་ལུགས་དད་མོས་ཀྱིས་མི་གཞན་པའི་ཆོས་ལུགས་དད་མོས་ལ་བཙན་གནོན་བྱེད་པ་བཀག་ནས། ཆོས་ལུགས་མི་འདྲ་བར་དད་མོས་བྱེད་མཁན་རྣམས་འདྲ་མཉམ་ངང་གནས་པ་དང་འདྲ་མཉམ་བྱེད་དགོས་པ་ལས། མི་སྒེར་རང་ཉིད་ཀྱི་འཚོ་བའི་ཁྱབ་ཁོངས་ནང་ཚོད་འཛིན་ནན་མོ་བྱས་ནས། ཆོས་ལུགས་དད་མོས་ཀྱིས་སྤྱི་པའི་འཚོ་བ་ལ་བར་ཆད་བཟོ་བ་བཀག་འགོག་བྱེད་ཐུབ་དགོས། དེ་ལྟར་བྱས་ན་ད་གཟོད་རང་དབང་གི་ཁོང་གསེང་ཞིག་བསྐྲུན་ཏེ། སྤྱི་དམངས་ཀྱིས་བསམ་བློ་རང་དབང་དང་འདུ་ཤེས་རང་དབང་ངོ་མ་ཡིན་པའི་འཚོ་བའི་ཁོར་ཡུག་ཁྲོད་ད་གཟོད་མི་རང་ཉིད་ཀྱི་བསམ་པའི་འཚོ་བ་བསྙེགས་ཤིང་ལོངས་སུ་སྤྱོད་ཐུབ་པ་རེད།
  སྤྱི་ཚོགས་འཚོ་བའི་ནང་། རྒྱལ་ཁབ་ཀྱིས་ཆོས་ལུགས་དང་རིག་གནས་ཀྱི་སྣ་མང་ཅན་ཁས་བླངས་ན། ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ངེས་པར་ལག་ཏུ་བསྟར་ཏེ། ཆོས་སྲིད་ཐ་དད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་འདྲ་མཉམ་དབང་ཆར་སྲུང་སྐྱོང་བྱེད་དགོས། འདི་ཡང་ཆོས་ལུགས་འགྲིག་མཐུན་དང་སྤྱི་ཚོགས་འཆམ་མཐུན་ཡོང་བ་མངོན་འགྱུར་བྱེད་པའི་རྨང་གཞི་རེད། ཆོས་ལུགས་ནི་རྙོག་འཛིང་ཡིན་པའི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན་ལ། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱུས་བྱུང་ནས་དུས་རིམ་ངེས་ཅན་ཞིག་ཏུ་སླེབས་པའི་ལོ་རྒྱུས་གནས་ཚུལ་ཞིག་ཡིན་ཕྱིར། དེ་བྱུང་བ་དང་དར་བ་དང་འཇིག་པ་བཅས་ཀྱི་གོ་རིམ་ཡོད་པ་རེད། ཆོས་ལུགས་གནས་པའི་སྤྱི་ཚོགས་ཁྱད་ཆོས་དང་རང་རེའི་རྒྱལ་ཁབ་ལ་ཆོས་ལུགས་མང་པོ་གནས་པའི་དོན་དངོས་ལ་གཞིགས་ཏེ། རྒྱལ་ཁབ་ཀྱིས་སྤྱི་དམངས་ལ་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ལག་ཏུ་བསྟར་ཅིང་། ཆོས་ལུགས་དད་མོས་རང་དབང་དེ་ཡོངས་སུ་མི་རང་ཉིད་ཀྱིས་རང་དབང་གིས་གདམ་གསེས་བྱེད་པ་ལས། རྒྱལ་ཁབ་ཀྱིས་དེར་བཙན་གྱིས་ཐེ་གཏོགས་བྱེད་པ་དང་གནོན་ཤུགས་གཏན་ནས་སྟེར་མི་རུང་། དེ་དང་མཉམ་དུ། ཆོས་ལུགས་ཁག་གིས་ངེས་པར་རྒྱལ་གཅེས་ཁྲིམས་སྲུང་བྱེད་དགོས་པ་དང་། རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་པ་དང་། ཆོས་ལུགས་བེད་སྤྱད་ནས་སྲིད་འཛིན་དང་ཁྲིམས་འཛིན། སྤྱི་ཚོགས་ཀྱི་སྤྱི་པའི་སློབ་གསོ་བཅས་ལ་ཐེ་གཏོགས་བྱེད་པ་ནན་འགོག་བྱེད་པ། ཆོས་ལུགས་ཀྱི་མིང་ཐོག་ནས་ཁྲིམས་འགལ་ཉེས་བཟོས་བྱ་འགུལ་སྤེལ་བ་དང་། དེ་མིན་ཆོས་ལུགས་ཀྱི་ཁོངས་སུ་མི་གཏོགས་ཤིང་རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཐད་གནོད་འཚེ་བཟོ་བའི་རྨོངས་དད་བྱ་འགུལ་ཡོད་ཚད་ལ་མཐའ་གཅིག་ཏུ་རྡུང་རྡེག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཆོས་ལུགས་བེད་སྤྱད་དེ་ཁྲིམས་འགལ་གྱི་བྱ་འགུལ་སྤེལ་བར་རྡུང་རྡེག་ནན་མོ་བྱེད་པ་ནི་རྒྱུན་ལྡན་གྱི་ཆོས་ལུགས་དད་མོས་དང་བྱ་འགུལ་ལ་སྲུང་སྐྱོང་བྱས་པ་ཡིན་ལ། དུས་མཚུངས་སུ་སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་ལ་སྲུང་སྐྱོང་བྱས་པའང་རེད།
  གསུམ་པ། རང་ཚུགས་དང་རང་བདག་རང་སྒྲུབ་ཀྱི་རྩ་དོན།
  རང་རེའི་རྒྱལ་ཁབ་ཀྱི་ཆོས་ལུགས་ཀྱིས་རང་ཚུགས་དང་རང་བདག་རང་སྒྲུབ་ཀྱི་རྩ་དོན་ལག་ཏུ་བསྟར་བ་རེད། རྩ་དོན་འདི་ནི་རྒྱལ་ཁབ་ཀྱི་བདག་དབང་དེ་ཆོས་ལུགས་ལས་དོན་ཐད་ཀྱི་བྱེ་བྲག་གི་མཚོན་བྱེད་ཡིན་ལ། རང་རེའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་ཇུས་དེ་ཆོས་ལུགས་ཁྱབ་ཁོངས་ཀྱི་བྱེ་བྲག་གི་མཚོན་བྱེད་ཀྱང་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་རང་ཚུགས་དང་རང་རྐྱ་ཕེར་བའི་ཕྱི་འབྲེལ་སྲིད་ཇུས་དང་ལེན་དང་དེ་ལ་ཞབས་འདེགས་ཞུ་དགོས། རྩ་ཁྲིམས་ནང་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ལ་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་བཀོལ་སྤྱོད་ཐེབས་མི་རུང་ཞེས་གཏན་ཁེལ་གསལ་བོ་བྱས་ཡོད། དེས་རང་རེའི་རྒྱལ་ཁབ་ཀྱི་ཆོས་ལུགས་ལ་རང་ཚུགས་དང་རང་བདག་རང་སྒྲུབ་བཅས་ཀྱི་རྩ་དོན་ལག་ཏུ་བསྟར་བ་མཚོན་པ་རེད། དེའི་ངོ་བོ་ནི་ཀྲུང་གོའི་ཆོས་ལུགས་ལས་དོན་ལ་ཀྲུང་གོའི་ཆོས་ལུགས་ལས་རིགས་རང་ཉིད་ཀྱིས་ཐག་གཅོད་བྱེད་པ་ལས་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་བཀོལ་སྤྱོད་ཐེབས་མི་རུང་། དེའི་གཞི་རྩའི་ནང་དོན་ནི་ཕྱིའི་མངའ་ཁོངས་ཀྱི་ཆོས་ལུགས་སྟོབས་ཤུགས་གང་རུང་ཞིག་གིས་རང་རེའི་རྒྱལ་ཁབ་ཀྱི་ཆོས་ལུགས་ལ་ཡང་བསྐྱར་ཚོད་འཛིན་བྱེད་པ་གཏན་ནས་མི་ཆོག་པ་དང་། ཕྱིའི་མངའ་ཁོངས་ཀྱི་ཆོས་ལུགས་ཚོགས་པ་དང་། མི་སྒེར་གང་རུང་ཞིག་གིས་རང་རེའི་རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་ལ་ཐེ་གཏོགས་གཏན་ནས་བྱེད་མི་ཆོག་ལ། ཕྱིའི་མངའ་ཁོངས་ཀྱི་ཆོས་ལུགས་རྩ་འཛུགས་གང་རུང་ཞིག་གིས་བྱེད་སྟངས་གང་རུང་སྤྱད་ནས་རང་རེའི་རྒྱལ་ཁབ་ཏུ་གཏན་ནས་ཆོས་སྤེལ་མི་ཆོག
  རང་ཚུགས་དང་རང་བདག་རང་སྒྲུབ་བཅས་ཀྱིས་ཆོས་ལུགས་རྒྱུན་འཁྱོངས་བྱེད་པ་ནི། རང་རེའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་དུས་ཡུན་རིང་བོ་ཞིག་ཏུ་བཙན་རྒྱལ་རིང་ལུགས་བཙན་དབང་རྒྱལ་ཁབ་ཀྱིས་བཙན་འཛུལ་དང་འཕྲོག་བཅོམ་བྱས་པ་མྱངས་པ་དང་། ཆོས་ལུགས་ལ་ལར་བཙན་རྒྱལ་རིང་ལུགས་སྟོབས་ཤུགས་ཀྱིས་སྐབས་ཤིག་གི་ཚོད་འཛིན་དང་བེད་སྤྱོད་བྱས་པའི་ལོ་རྒྱུས་དོན་དངོས་ལ་དམིགས་པ་ཡིན་ལ། རང་རེའི་རྒྱལ་ཁབ་ཀྱི་ཆོས་ལུགས་ཁག་དང་དད་ལྡན་སྤྱི་དམངས་ཀྱིས་རང་དབང་གིས་གདམ་གསེས་བྱས་པའང་རེད། རང་རེའི་རྒྱལ་ཁབ་ཀྱི་ད་ཡོད་ཆོས་ལུགས་གཙོ་བོ་སོ་སོའི་ནང་དུ་ཏའོ་ཅའོ་ཆོས་ལུགས་ལས་གཞན། ཡོངས་རྫོགས་ནི་ལོ་རྒྱུས་སྟེང་རྒྱལ་ཁབ་ཕྱི་ནས་ནང་དུ་སྤེལ་བ་རེད། ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཆོས་ལུགས་སོ་སོ་རང་ཚུགས་དང་རང་བདག་རང་སྒྲུབ་བཅས་ཀྱི་ལམ་དུ་ཞུགས་ཡོད་པར་མ་ཟད། ཆོས་ལུགས་ཁག་གི་འདྲ་མཉམ་དང་མཛའ་མཐུན་གྱི་རྨང་གཞིའི་སྟེང་རྒྱལ་ཁབ་སོ་སོའི་ཆོས་ལུགས་རྩ་འཛུགས་དང་མི་སྣའི་བར་མཛའ་མཐུན་ངང་འགྲོ་འོང་བྱེད་པ་དང་། ཆོས་ལུགས་ཐད་ཀྱི་རིག་གཞུང་བརྗེ་རེས་བྱ་འགུལ་ཡང་སྤེལ་བ་རེད། ཡིན་ནའང་། ནུབ་ཕྱོགས་ཀྱི་དགྲར་འཛིན་སྟོབས་ཤུགས་ཀྱིས་མི་རིགས་ཆོས་ལུགས་ཀྱི་གནད་དོན་བེད་སྤྱད་དེ། ཀྲུང་གོར"ནུབ་ཕྱོགས་ཅན"དང"ཁ་བྲལ"ལ་སོགས་པའི་འཐབ་ཇུས་ལག་ཏུ་བསྟར་བའི་འགག་སྒྲོལ་ས་གཙོ་བོར་བཞག་པ་དང་། ནང་སྒོས་སུ་མི་རིགས་ཁ་བྲལ་སྟོབས་ཤུགས་ཀྱིས་ཆོས་ལུགས་སིམ་འཛུལ་བྱེད་པའི་རྣམ་པ་སྤྱད་ནས། ས་ཁོངས་སྟེང་དང་འདུ་ཤེས་འཛིན་སྟངས་ཐད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བརླག་བཏང་བ་རེད། དེའི་ཕྱིར། རང་རེའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་གསར་སྐྲུན་བྱེད་པར་བརྟན་འཇགས་ཡིན་པའི་ཁོར་ཡུག་བསྐྲུན་པར། རང་ཚུགས་དང་བདག་རང་སྒྲུབ་བཅས་ཡིན་པའི་རྩ་དོན་ངེས་པར་རྒྱུན་འཁྱོངས་བྱས་ནས། ཕྱི་ཡིས་ཆོས་ལུགས་བེད་སྤྱད་བྱས་ནས་སིམ་འཛུལ་བྱེད་པ་འགོག་པ་དང་། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ཡོང་བར་སྲུང་སྐྱོང་བྱེད་དགོས།
  བཞི་པ།ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་རྩ་དོན།
  ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ནི་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན་ལ། མི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་དངོས་གནས་འགན་སྲུང་བྱེད་པ་དང་ཁ་གཏད་མིན་པར་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་རེད། སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་འགན་སྲུང་བྱེད་དགོས་ན། ཁྲིམས་ལྟར་ཆོས་ལུགས་ལ་དོ་དམ་བཟང་བོ་བྱེད་དགོས། ཆོས་ལུགས་དད་མོས་དེ་མི་རང་ཉིད་ཀྱི་འདོད་མོས་ལྟར་འདེམ་པ་ནི་རང་དབང་ཡིན་མོད་ཀྱི། འོན་ཀྱང་། རང་དབང་དེ་དངོས་སུ་སྤེལ་བའི་ཆོས་ལུགས་བྱ་འགུལ་དང་མི་འདྲ། ནང་སྒོས་སུ་མང་ཚོགས་རང་བཞིན་གྱི་ཆོས་ལུགས་བྱ་འགུལ་ལ་ཚོད་འཛིན་ཅི་ཡང་མི་ཐེབས་པ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་ནི་གཙོ་བོ་ཆོས་ལུགས་བྱ་འགུལ་རྒྱུན་ལྡན་ངང་སྤེལ་བར་འགན་སྲུང་བྱེད་པ་དང་། ཆོས་ལུགས་ཚོགས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་གནོད་པ་མི་ཐེབས་པ་རེད།
  དོན་སྙིང་འདིའི་ཐད་ནས་བཤད་ན། རང་རེའི་རྒྱལ་ཁབ་ཀྱིས་ཆོས་སྲིད་ཐ་དད་པའི་རྩ་དོན་ལག་བསྟར་བྱས་ཏེ། ཆོས་ལུགས་གང་ལའང་རྩ་ཁྲིམས་ལས་བརྒལ་བའི་དམིགས་དབང་མེད་པ་དང་། རྒྱལ་ཁབ་ཀྱི་སྲིད་འཛིན་དང་ཁྲིམས་འཛིན། སློབ་གསོ་སོགས་རྒྱལ་ཁབ་ཀྱི་འགན་ནུས་ལག་ཏུ་བསྟར་བར་ཐེ་གཏོགས་བྱེད་མི་ཆོག་པ་ནན་གྱིས་བསྟན་ཡོད། ཆོས་ལུགས་ཕྱོགས་སུ་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་འབྲེལ་བའི་ལས་དོན་དང་བྱ་འགུལ་ཁྲིམས་ལྟར་དོ་དམ་བྱེད་པའི་ཁྱབ་ཁོངས་སུ་ངེས་པར་ཚུད་དགོས་པ་ལས། ཆོས་ལུགས་དད་མོས་རང་དབང་ཡིན་པ་དང་། ཆོས་སྲིད་ཐ་དད་ཡིན་པར་ཁ་གཡར་ནས་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་དུ་མི་འཇུག་པ་དང་དོ་དམ་དང་འབྲལ་མི་ཆོག ཆོས་ལུགས་བེད་སྤྱད་དེ་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་དང་རྒྱལ་ནང་གི་མི་རིགས་སོ་སོའི་མཐུན་སྒྲིལ་ལ་གཏོར་བརླག་གཏན་ནས་བྱེད་མི་ཆོག ཆོས་ལུགས་བེད་སྤྱད་དེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་། སྤྱི་དམངས་གཞན་པའི་ཁྲིམས་མཐུན་ཁེ་དབང་ལ་གཏན་ནས་གནོད་སྐྱེལ་མི་ཆོག ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ན་ཁེ་དབང་དང་འོས་འགན། ཆོས་ལུགས་འདུལ་ཁྲིམས་དང་སྲིད་ཇུས་ཁྲིམས་སྲོལ། ཁྲིམས་མཐུན་སྲུང་སྐྱོང་དང་ཁྲིམས་འགལ་འགོག་པ་དང་། ཁྲིམས་འགལ་ལ་རྡུང་རྡེག་བྱེད་པ། དགེ་མཚན་ལྡན་པའི་རྒྱུ་རྐྱེན་འདོན་སྤེལ་བྱེད་པ་དང་། འགལ་རྐྱེན་ཚོད་འཛིན་བྱེད་པའི་འབྲེལ་བ་བཅས་ཐག་གཅོད་ཡང་དག་བྱེད་དགོས། ཁྲིམས་ལྟར་རྒྱུན་ལྡན་གྱི་ཆོས་ལུགས་བྱ་འགུལ་དང་ཆོས་ལུགས་ཁག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས། ཕྱིའི་མངའ་ཁོངས་ཀྱི་སྟོབས་ཤུགས་ཀྱིས་ཆོས་ལུགས་བེད་སྤྱད་ནས་སིམ་འཛུལ་བྱེད་པར་བཀག་འགོག་དང་། ཆོས་ལུགས་བེད་སྤྱད་དེ་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་ཀྱི་གཅིག་གྱུར་ལ་གཏོར་བརླག་བྱེད་པ་དང་། དེ་མིན་གཞན་པའི་ཁྲིམས་འགལ་ཉེས་བཟོའི་བྱ་འགུལ་སྤེལ་བར་མཐའ་གཅིག་ཏུ་རྡུང་རྡེག་བྱེད་དགོས་སོ། །

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།