མི་རིགས་དཔེ་ཆ་ཁྲོམ་རའི་གཉེར་འཚོང་ཁྲོད་དུ་གནས་པའི་གནད་དོན་དང་བཅོས་ཐབས་རོབ་གླེང་།


འདིར་མི་རིགས་དཔེ་ཆ་ཞེས་བརྗོད་པ་ནི་བོད་ཡིག་གི་དཔེ་ཆ་དཔེ་སྐྲུན་འགྲེམ་སྤེལ་དང་ཤོག་བུ་སྨྱན་བྱེད་ཀྱི་འགོད་གཟུགས་ཡིན་ལ། ཚོང་ཟོག་གི་གཏོགས་ཆོས་གཉིས་(དངོས་པོའི་གཏོགས་ཆོས་དང་བསམ་པའི་གཏོགས་ཆོས)ལྷུག་པོར་ལྡན་པ་བཅས་ཁྲོམ་ར་རུ་རྒྱུག་པའི་བོད་ཡིག་དཔེ་ཆ་ལ་ཟེར།དང་པོ། བོད་ཡིག་དཔེ་ཆ་ཁྲོམ་རའི་གཉེར་འཚོང་ཁྲོད་དུ་གནས་པའི་གནད་དོན།རང་རྒྱལ་གྱི་དཔེ་སྐྲུན་ཁང་ནི་དུས་ཡུན་རིང་པོར་དྲིལ་སྒྲོག་སྡེ་ཁག་ལ་གཏོགས་ཤིང་། དུས་རབས20ལོ་རབས70ཡར་སྔོན་དུ"ལས་དོན་སྡེ་ཚན"དུ་གནས་ཁེལབྱས་ཡོད་པ་སྟེ་ཐམས་ཅད་རྒྱལ་ཁབ་ཀྱིས་བདག་ཏུ་བཟུང་ནས་དཔལ་འབྱོར་གྱོང་ཁེ་ལ་བསམ་བློ་གཏོང་མི་དགོས། ལོ་རབས80ནས་བཟུང"ལས་དོན་སྡེ་ཚན། ཁེ་ལས་དོ་དམ"དུ་གནས་ཁེལ་ཏེ་ཁེ་གྱོང་རང་ཁུར་གྱི་ལམ་ལུགས་ལག་བསྟར་བྱེད་ཀྱིན་ཡོད་མོད་ཀྱང་། དཔེ་སྐྲུན་ཁང་གི་སྒྲིག་གཞི་སྔར་བཞིན་ལས་དོན་སྡེ་ཚན་ཡིན་པའི་སྟབས་ཀྱིས་རྩ་འཛུགས་འཛུགས་སྐྲུན་ཐད་སྲིད་འཛིན་རྣམ་པ་དང་། རྩ་འཛུགས་ལས་ཁུངས་ནི་དཔེ་སྐྲུན་གྱི་གོ་རིམ་ལྟར་རྩོམ་སྒྲིག་སྡེ་ཁག་དང་པར་སྐྲུན་ཐོན་སྐྱེད་སྡེ་ཁག འགྲེམ་སྤེལ་སྡེ་ཁག་བཅས་སྡེ་ཁག་གསུམ་དུ་དབྱེ་ཡོད། དུས་མཚུངས་སུ་རྨང་གཞི་དེ་ལྟ་བུའི་སྒྲིག་གཞི་སྟེང་གི་དོ་དམ་རྣམ་པའང་སྲིད་འཛིན་དོ་དམ་ཡིན་པ་ལས་འཐུས་སྒོ་ཚང་ཞིང་དབྱེ་ཞིབ་དང་འཆར་བཀོད། ལག་བསྟར། ཚོད་འཛིན་སོགས་མ་ལག་འཛོམས་པའི་དེང་རབས་གཉེར་འཚོང་དོ་དམ་གྱི་ཚུགས་དབྱིབས་ཡོངས་སུ་ཚང་བ་ཞིག་ཆགས་མེད། ཁྱད་པར་དུ་མི་རིགས་དཔེ་སྐྲུན་ཁང་སྟེ་བོད་ཡིག་གཙོ་བོ་གཉེར་བའི་དཔེ་སྐྲུན་ཁང་དག་ལ་མཚོན་ན་གནད་དོན་དེ་དེ་བས་ཚབས་ཆེན་ཡིན་པ་དང་ད་དུང་འཆར་གཞི་དཔལ་འབྱོར་གྱི་དྲ་རྒྱ་རུ་འཕག་འཚག་རྒྱག་གིན་འདུག ཆེ་མཐོང་གི་དཔེ་སྐྲུན་ལས་རིགས་ཤིག་ལ་མཚོན་ན་དཔེ་ཆའི་ཁྲོམ་རར་ཆ་ཡོངས་ཀྱི་བསམ་བློ་མི་གཏོང་བ་སྟེ་ཇུས་འགོདཆེན་པོ་མེད་པས། དཔེ་ཆའི་དཔེ་སྐྲུན་དང་འགྲེམ་སྤེལ་བར་དུ་དུམ་གཅོད་ཀྱི་རྣམ་པ་དང་དཔེ་སྐྲུན་ཁང་རང་སྟེང་གི་སྡེ་ཁག་སོ་སོའི་བར་དུའང་ནུས་ལྡན་གྱི་མཐུན་སྦྱོར་དང་ལྟ་སྐུལ་མེད། རྐྱེན་དེ་དག་གི་དབང་གིས་དཔེ་ཆ་པར་སྐྲུན་གྱི་བྱ་ལས་རྫོགས་ཏེ་ཐོན་རྫས་སུ་གྱུར་པ་ན། ཕྱིར་འཚོང་སྡེ་ཁག་གིས་ད་དུང་དཔེ་ཆའི་བདམས་ཆོས་ཀྱི་དམིགས་གཏད་ཁྲོམ་རར་རྒྱུས་ལོན་བྱ་ཐབས་བྲལ་བས། དཔེ་ཆའི་འཁོར་རྒྱུག་དང་བརྡ་འཕྲིན་གྱི་ཁྱབ་སྤེལ་ལ་བར་ཆད་བྱུང་བ་ཡིན། དེ་བཞིན་དུ་བྱེ་བྲག་གི་དཔེ་ཆ་རྩོམ་སྒྲིག་དང་དཔེ་སྐྲུན་གྱི་ལས་དང་པོ་གཉེར་བའི་རྩོམ་སྒྲིག་ཁང་ཞིག་ལ་མཚོན་ན། གོང་སྤྲོས་ཀྱི་སྒྲིག་གཞི་རང་བཞིན་དང་ལམ་ལུགས་རང་བཞིན་གྱི་བར་བགེགས་དང་ངན་རྐྱེན་གྱི་དབང་གིས་ཇུས་འགོད་དང་གཉེར་འཚོང་གི་མིག་རྒྱང་བྲལ་ཞིང་གཙོ་བོ་བསླབ་དེབ་དང་དཔེ་རྙིང་ལེགས་སྒྲིག་ཁོ་ན་ལ་བརྟེན་ནས(དཔེ་སྐྲུན་ཁང་སོ་སོའི་དཔེ་རྙིང་པར་སྐྲུན་གྱི་སྡུར་ཚད་ཁྱོན་ཡོངས་ཀྱི་དཔེ་ཆའི་པར་སྐྲུན་གྱི་བརྒྱ་ཆའི་བདུན་ཅུ་ཡན་ཟིན་ཡོད།) དཔེ་ཆའི་སྒྲིག་གཞིར་གནོད་འགལ་བྱུང་བ་ལས་གཞན། ཆུ་ཚད་དམའ་བའི་བསྐྱར་ཟློས་ཀྱིས་གསར་གཏོད་དང་རང་བདག་རྫས་རྟགས་གྲགས་ཅན་གྱི་ཐོན་རྫས་མེད་པ། ཁྲོམ་ར་གསར་བ་སྤེལ་བའི་ནུས་པ་ཞན་པ། གཉེར་འཚོང་གི་ལྟ་བ་དེ་བས་ཞན་ཞིང་སྣང་མེད་དུ་འཇོག་པ་བཅས་ཀྱི་གནད་དོན་སོགས་རབ་དང་རིམ་པ་མཆིས་པས། མི་རིགས་དཔེ་སྐྲུན་ཁྲོམ་རའི་གསོ་སྐྱོང་དང་འཐུས་སྒོ་ཚང་བར་གནོད་འགོག་ཚབས་ཆེན་བཟོས་ཡོད། དེར་བརྟེན། མི་རིགས་དཔེ་སྐྲུན་ལས་དོན་དེ་ཛ་དྲག་རྙོག་འཛིང་གི་ཁྲོམ་རའི་འགྲན་རྩོད་ཁྲོད་དུ་རང་འགུལ་དབང་ཆ་ཐོབ་པ་དང་། གནོན་ཤུགས་སྒུལ་ཤུགས་སུ་བསྒྱུར་ནས་དཔེ་ཆ་དེ"ཐོན་རྫས་ནས་ཚོང་རྫས། མཇུག་མཐར་སྤྱོད་རྫས"ཀྱི་གོ་རིམ་ཡོངས་སུ་རྫོགས་དགོས་ན། ངེས་པར་དུ་དཔེ་ཆའི་སྒྲིག་གཞི་བསྒྱུར་ནས་གཉེར་འཚོང་གསར་སྤེལ་བྱ་དགོས་པ་གནད་ཀྱི་དམ་པའོ།། འོ་ན"ཅི་ཞིག་ལ་གཉེར་འཚོང"ཟེར་ཞེ་ན། ཨ་རིའི"གཉེར་འཚོང་གི་རྒྱལ་བོ"རུ་འབོད་པའི་ཧྥུ་ལི་ཕུ·ཁུ་ཐི་ལེས"གཉེར་འཚོང་ནི་ཁེ་ལས་ཀྱི་མ་འོངས་པ་ཡིན་ཞིང་། དེས་འཛད་སྤྱོད་པའི་མཁོ་དགོས་གང་ཡིན་པ་དེ་འཚོལ་རྙེད་བྱུང་བ་དང་གང་དེའི་རྨང་གཞིའི་སྟེང་ནས་ཐོན་རྫས་ཐོན་སྐྱེད་བྱེད་པ་དེ་ཡིན། མདོར་བསྡུས་ན། གཉེར་འཚོང་ནི་ཚོང་སྤོགས་ཐོབ་པ་དམིགས་ཡུལ་གཙོ་བོ་དང་བརྗོད་སྙིང་ནི་མིའི་རིགས་ཀྱི་མཁོ་དགོས་འཚོལ་རྙེད་དང་འདོད་པ་སྐོང་བ་ལ་ཟེར"ཞེས་མཚན་ཉིད་བཞག་ཡོད། བྱེ་བྲག་གིས་བཤད་ན་དཔེ་ཆའི་གཉེར་འཚོང་ནི། དཔེ་ཆའི་ཁྲོམ་རའི་ཞིབ་དཔྱད་དང་དམིགས་ཡུལ་ཁྲོམ་རའི་འདེམས་སྒྲུག བདམས་ཆོས་གསར་སྤེལ། དཔེ་ཆའི་རིན་གོང་འཇོག་པ། དཔེ་ཆའི་རྒྱུག་ལམ་འདེམས་སྒྲུག་དང་རབ་དང་རིམ་པའི་ཚོང་སྤེལ། ཐོན་རྫས་བཙོངས་རྗེས་ཀྱི་ཞབས་འདེགས་བཅས་གཉེར་འཚོང་བྱ་འགུལ་དང་སྤྱི་ཚོགས་བྱ་འགུལ་ཞིག་ཡིན། གཅིག ཁེ་ལས་ཀྱི་གཉེར་འཚོང་ལྟ་བ་འགྱུར་མེད། ཚང་མས་ཤེས་གསལ་ལྟར། ཤེས་རིག་དཔལ་འབྱོར་གྱི་དུས་རབས་བསླེབས་པ་དང་སྦྲགས་ཁེ་ལས་ཕུལ་དུ་བྱུང་བ་ཞིག་ལ་ཐོག་མར་མཁོ་གལ་ཆེ་བ་ནི་མ་རྩ་དང་ཁེ་སྤོགས་ཁོ་ན་ཙམ་མ་ཡིན་པར་གཙོ་ཆེ་བ་ནི་བསྟུད་མར་གསར་གཏོད་ཀྱི་བསམ་བློའི་ལྟ་བ་ཡིན་པ་བདག་གཉེར་དོ་དམ་ཆེད་ལས་པས་ངོས་ཟིན་ཐོབ་ཀྱིན་ཡོད། ཡིན་ན་ཡང་འཆར་གཞི་དཔལ་འབྱོར་གྱི་ཤུགས་རྐྱེན་ཐེབས་ཟབ་པའི་མི་རིགས་དཔེ་སྐྲུན་ལས་རིགས་ཀྱིས་ད་དུང་སྲོལ་རྒྱུན་གྱི་འདེད་འཚོང་ལྟ་བ་སྤྱད་དེ་འཚོང་ཕྱོགས་ཁྲོམ་རའི》)དགོས་མཁོ་ལྟར་ཐོན་རྫས་མྱུར་བ་མྱུར་དུ་སྒོར་མོར་བརྗེ་བར་གཙིགས་མཐོང་བྱེད་པ་ལས་ཉོ་ཕྱོགས་ཁྲོམ་རའི》)དགོས་མཁོ་ལྟར་ཐོན་རྫས་དེ་དང་དེ་གསར་གཏོད། སྐྱེལ་གཏོང་། དེ་མིན་མཇུག་མཐའི་འཛད་སྤྱོད་ཐོན་རྫས་དང་འབྲེལ་ཡོད་ཀྱི་དོན་དག་ཡོད་དོ་ཅོག་བརྒྱུད་དེ་ཉོ་མཁན་ཏེ་ཀློག་པ་པོའི་མཁོ་དགོས་སྐོང་བའི་སྔོན་ཐོན་གཉེར་འཚོང་ལྟ་བ་གཏན་ནས་མེད་པས། ཁེ་ལས་དམིགས་མེད་དུ་འཁོར་སྐྱོད་བྱེད་པ་དང་ཐོན་སྐྱེད་བྱས་པའི་དཔེ་ཆའི་ཐོན་རྫས་སྒྲིག་གཞི་འོས་འཚམ་མ་ཡིན་ཞིང་བསྡུར་ཚད་དོ་མཉམ་མིན་པ་བཅས་ལས་འདོན་སྤྲོད་མཁོ་དགོས་ལས་ཆེ་བའི་གནད་དོན་བྱུང་བ་ཡིན། དེའི་མཇུག་འབྲས་ནི་ཁེ་ལས་ཀྱི་ཐོན་རྫས་མནན་གསོག་མངོན་པ། ངེས་བསྡུ་རྩིས་དངུལ་སྔར་ལས་མཐོ་བ། མ་དངུལ་འཁོར་རྒྱུག་ལ་དཀའ་ངལ་བྱུང་བ་སོགས་གནད་དོན་རབ་དང་རིམ་པ་བྱུང་བ་ཡིན་ཞིང་ཕྱོགས་གཞན་ཞིག་ནས་དུས་རབས་དང་ཁ་ཕྱོགས་པའི་དཔེ་ཆ་རྒྱང་རིང་གི་མིག་རྒྱང་དང་གཉེར་འཚོང་གི་འཐབ་ཇུས་དབེན་པས་མཁོ་དགོས་འདོན་སྤྲོད་ལས་ཆེ་བའི་འགལ་བ་མིག་མཐོང་ལག་ཟིན་གྱི་གནས་སུ་གྱུར་ཡོད། སྣང་ཚུལ་དེ་འདྲ་བྱུང་བའི་འབྱུང་ཁུངས་ཀྱང་གཉེར་འཚོང་གི་ལྟ་བ་འགྱུར་མེད་པར་རག་ལས་ཆེ་བ་སྨྲས་མེད་ཡིན།གཉིས། ཁྲོམ་ར་གསར་བ་སྤེལ་བའི་ནུས་སྟོབས་ཞན་པ། བོད་རིགས་ཀྱི་དཔེ་སྐྲུན་ལས་རིགས་ཁྲོད་དུ་དཔེ་རྙིང་དང་། སློབ་མའི་བསླབ་དེབ་གཙོ་དང་སྤྱིར་བཏང་གི་དཔེ་ཆ། ན་ཆུང་དང་ཞིང་འབྲོག་ལ་ཞབས་འདེགས་ཐད་ཀྱི་དཔེ་ཆ་ཕལ་བ་ཡིན་པའི་བསམ་བློ་སྤྱི་ཁྱབ་ཏུ་མཆིས། སྣང་ཚུལ་དེ་འདྲ་བྱུང་བའི་རྒྱུ་མཚན་ལ་དཔྱད་ན། བསླབ་དེབ་པར་སྐྲུན་ནི་རྒྱལ་ཁབ་སྲིད་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དེ་བཞིན་དུ་དཔེ་སྐྲུན་ཁང་གི་བྱ་ལས་ཁྲོད་དུའང་དོན་དག་གལ་ཆེན་ནང་གི་གཙོ་ཆེན་གྱི་གོ་གནས་བཟུང་ཡོད། ལྷག་པར་དུ་མི་རིགས་དཔེ་སྐྲུན་ཁང་ལ་མཚོན་ན་ད་ཡོད་ཀྱི་ལམ་ལུགས་འོག་ཁེ་སྤོགས་ཀྱི་མ་གཞི་གཙོ་བོ་ཡིན་པས་མཐོང་ཆེན་བྱ་དགོས་ལ་བྱ་འོས་པ་ཞིག་ཀྱང་ཡིན། དཔེ་རྙིང་སྐོར་ནས་བཤད་ན། དཔེ་རྙིང་ལེགས་བསྒྲིགས་ཀྱིས་བོད་ཀྱི་རིག་གནས་གསོག་འཇོག་དང་རྒྱུད་སྤེལ། གོང་སྤེལ་བཅས་ཀྱི་ཐད་དུ་མཛད་རྗེས་རླབས་ཆེན་བཞག་ཡོད་ཅིང་གོ་གནས་གལ་ཆེན་བཏོན་ཡོད། དཔེ་སྐྲུན་ཐད་དུ་དེར་ཐོན་ཁུངས་ཕུན་སུམ་ཚོགས་པར་མ་ཟད། རྩོམ་ཡོན་ཕུལ་མི་དགོས་ལ་མ་རྩོམ་འཚོལ་རྙེད་བྱུང་ནས་དཀར་ཆག་བསྒྲིག་པ་དང་མདུན་ཤོག་འཆར་འགོད། དཔེ་ཆའི་རྣམ་པ་བསྒྱུར་བ་སོགས་ཀྱིས་འཐུས་པའི་ཁྱད་ཆོས་ཡོད་སྟབས། དཔལ་འབྱོར་གྱིས་དབུལ་ཞིང་དངོས་ཡོད་གནས་བབ་ལ་གོམས་པའི་མི་རིགས་དཔེ་སྐྲུན་ཁང་སོ་སོས་དགའ་བསུ་བྱེད་ཀྱིན་ཡོད་ལ་དུས་ད་ལྟའི་བར་དུ་དཔེ་སྐྲུན་གྱི་མ་རྐང་དང་ཁེ་སྤོགས་ཀྱི་འབྱུང་ཁུངས་སུ་གྱུར་ཡོད། གོང་སྤྲོས་ཀྱི་གནས་ཚུལ་དེ་འདྲས་ང་ཚོ་དཔེ་སྐྲུན་པར་འཚོ་བརྟེན་ཐད་དུ་དཀའ་ཁག་མེད་པར་ལྷིང་འཇགས་ཀྱི་འཚོ་བ་དུས་ཡུན་རིང་པོ་ཞིག་ལ་རོལ་བ་ཡིན། ཡིན་ནའང་ཟུར་གཞན་ཞིག་གི་ཕྱོགས་ནས་ངང་ངམ་ཤུགས་ཀྱིས་སྒྱིད་ལུག་གི་ངན་གོམས་དང་ད་ཡོད་གནས་བབ་ལ་ཆགས་ནས་དུས་བསྟུན་གསར་སྤེལ་གྱི་སྙིང་སྟོབས་དང་མདུན་བསུ་སྔོན་སྙེགས་ཀྱི་སྤོབས་པ་ཧ་ཅང་ཞན་པ་རེད། དེ་བས་གལ་ཏེ་ང་ཚོས་དུས་རབས་ཀྱི་གོམ་ཁ་དང་མི་བསྟུན་པར་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་དང་གསར་དར་གྱི་ཀློག་པ་པོའི་ཁྲོམ་ར་འདོན་སྤེལ་མི་བྱེད་ན། སྤྱི་ཚོགས་ཕན་ཁེ་ཕར་ཞོག དཔལ་འབྱོར་ཕན་ཁེ་བཟང་བོ་ཞིག་ཐོབ་པའང་དཀའ་མོ་རེད། གསུམ། ཁྲོམ་ར་གནས་ཁེལ་དང་ཁྲོམ་རའི་དམིགས་གཏད་ཞིབ་བགོས་ཀྱི་གཉེར་འཚོང་ལྟ་བ་མེད་པ། ཁྲོམ་རའི་གནས་ཁེལ་དང་ཁྲོམ་རའི་དམིགས་གཏད་ཞིབ་བགོས་ཞེས་པ་ནི་འགྲན་རྩོད་པའམ་འགྲན་རྩོད་ཀྱི་སྡེ་ཁག་ཅིག་གིས་ད་ཡོད་ཀྱི་དཔེ་ཆའི་ཁྲོམ་རའི་གནས་ཡུལ་ལ་གཞིགས་ནས་ཀློག་པ་པོས་དཔེ་ཆ་གང་ཞིག་ལ་ཡིད་འཇོག་དང་རྩི་མཐོང་གི་ཚད་ལྟར་དཔེ་སྐྲུན་ཁང་གཞན་ལས་ཁྱད་དུ་འཕགས་ཤིང་གསོན་ཉམས་ལྡན་པའི་རང་གཤིས་གཟུགས་བརྙན་འབུར་དུ་དོད་པའི་དཔེ་ཆ་པར་སྐྲུན་བྱ་དགོས་པར་ཟེར་བར་མ་ཟད། རང་དཔེ་སྐྲུན་ཁང་གི་ཞིབ་བགོས་ཁྲོམ་ར་གསལ་བོར་གནས་ཁེལ་བྱས་ཏེ་ཁྱད་ཆོས་ལྷང་གསལ་གྱི་བདམས་ཆོས་སྒྲིག་གཞི་འཛུགས་པ་དང་རང་གཤིས་གཟུགས་བརྙན་དེ་རྒྱ་ཆེ་བའི་ཀློག་པ་པོར་འདོན་སྤྲོད་བྱེད་པ་བརྒྱུད་ཁྲོམ་རའི་བགོ་སྐལ་ཅུང་ཆེན་པོ་ཞིག་ཐོབ་པ་ལའང་ཟེར་བ་ཡིན། མིག་སྔར། མི་རིགས་དཔེ་སྐྲུན་ཁང་སོ་སོའི་དཔེ་ཆའི་ཁྲོམ་ར་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་ལ། ཕན་ཚུན་བར་གྱི་འགྲན་རྩོད་ཀྱང་ཅུང་ཛ་དྲག་གི་གནས་སུ་གྱུར་ཡོད། ཡིན་ཡང་མི་རིགས་དཔེ་སྐྲུན་ཁང་སོ་སོར་ཁྲོམ་ར་གནས་ཁེལ་དང་ཁྲོམ་རའི་དམིགས་གཏད་ཞིབ་བགོས་ཀྱི་གཉེར་འཚོང་ལྟ་བ་ཆགས་མེད་ལ། རྒྱང་རིང་གི་གཉེར་འཚོང་འཐབ་ཇུས་དེ་བས་དབེན་སྟབས། བདམས་ཆོས་རིགས་མཚུངས་ཡིན་པ་དང་། "གདོང་ཐུག"གི་སྣང་ཚུལ་དང་སྤུས་ཚགས་མཚུངས་ཅནགྱི་སྣང་ཚུལ་ཧ་ཅང་ཚབས་ཆེན་ཡིན་པ། དཔེ་སྐྲུན་ཁང་གིས་ཁྲོམ་རའི་གཉེར་འཚོང་ལ་སེམས་ཤུགས་མི་གཏོང་བར་དཔེ་ཆ་པར་སྐྲུན་ཁོ་ན་དང་དམིགས་མེད་འགྲེམ་སྤེལ་ལ་གཞོལ་ཆེ་བས། རྒྱས་ཝུ་བ"ཅན་གྱི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད་ཅིང་། དེས་དཔེ་སྐྲུན་ཐོན་ཁུངས་ཆུད་ཟོས་སུ་བཏང་བ་ལས་གཞན་དཔེ་སྐྲུན་ཁང་སོ་སོའི་ཡུན་རིང་འཕེལ་རྒྱས་ལའང་ངན་རྐྱེན་མི་ཆུང་བ་ཞིག་བཞག་ཡོད་པ་སྨོས་མེད་རེད། གཉིས་པ། མི་རིགས་དཔེ་སྐྲུན་གྱི་གཉེར་འཚོང་གནད་དོན་ཐག་གཅོད་པའི་ཐབས་ཤེས།གཅིག དཔེ་སྐྲུན་འགྲེམ་སྤེལ་ལས་རིགས་ཀྱི་ཐོན་ཁུངས་ནུས་ཡོད་སྒོས་བུབས་སྒྲིགབྱེད་པ་དང་། ཚན་རིག་དང་དངོས་འཐབ་ཀྱི་དེང་རབས་གཉེར་འཚོང་ཕུང་ཚོགས་འཛུགས་དགོས། དེ་ཡང་དཔེ་སྐྲུན་འགྲེམ་སྤེལ་སྡེ་ཁག་གིས་ཁྲོམ་རའི་གཉེར་འཚོང་ཐབས་ཇུས་དང་བྱེད་ཐབས་སྣ་ཚོགས་ཆ་ཡོངས་སུ་བཀོལ་ཏེ་ད་ཡོད་ཀྱི་ཐོན་ཁུངས་སོ་སོ་ཕུང་བོ་གཅིག་སྒྲིལ་དང་གང་ལ་གང་འཚམ་གྱིས་སྒྲིག་སྦྱོར་བྱས་ཏེ་གཏན་ཁེལ་ཟིན་པའི་དམིགས་འབེན་འགྲུབ་པ་དང་ཁྲོམ་ར་གསར་སྤེལ་གྱི་དགོས་མཁོ་ལྟར་ཕྱིར་འཚོང་རྩ་འཛུགས་མ་ལག་དང་ཁྲོམ་རའི་བརྡ་འཕྲིན་དོ་དམ་མ་ལག དམིགས་འབེན་དང་འཆར་གཞི་དོ་དམ་མ་ལག་བཅས་འཛུགས་དགོས་ལ། འཐུས་སྒོ་ཚང་བའི་ཕྱིར་འཚོང་དོ་དམ་མ་ལག་བརྒྱུད་དེ་ཕྱིར་འཚོང་དོ་དམ་མི་སྣའི་གོ་རིམ། འགན་འཁྲི། བྱ་བའི་ཚད་གཞི་དང་རྒྱུག་རིམ་སོགས་གཏན་ཁེལ་གསལ་ཐག་ཆོད་པ་བཅས་ཀྱིས་དམིགས་འབེན་ཁྲོམ་ར་དང་ཁྲོམ་རའི་དམིགས་འབེན། ཕྱིར་འཚོང་དོ་དམ་མི་སྣ་དང་ལས་སྒྲུབ་པ། བརྒྱུད་འཚོང་བ། ཁྲོམ་རའི་བརྡ་འཕྲིན་བཅས་ལ་སོགས་པ་རྩ་འཛུགས་དང་ཟུང་འབྲེལ་ལེགས་པོ་བྱས་ཏེ་ཁེ་ལས་ཀྱི་འགོག་རྒོལ་ནུས་པ་ཆ་ཡོངས་སུ་འདོན་སྤྲོད་བྱེད་པ་བརྒྱུད་ཁྲོམ་ར་ངེས་ཅན་ཞིག་འཛིན་བཟུང་དང་གཉེར་འཚོང་དམིགས་འབེན་ལེགས་འགྲུབ་བྱེད་དགོས། ཁྱད་པར་དུ་མི་རིགས་དཔེ་སྐྲུན་ཁང་ལ་མཚོན་ན་བོད་ཡིག་བོད་སྐད་ཤེས་པ་དང་ལས་གནས་ལ་དུངས་ཞེན་ཆེ་བ། རབ་ཡིན་ན་བདག་གཉེར་དོ་དམ་གྱི་ཤེས་བྱ་མངའ་བའི་མི་ཤུགས་ཐོན་ཁུངས་དཔེ་སྐྲུན་འགྲེམ་སྤེལ་གྱི་ལས་གནས་སུ་སྒྲིག་སྦྱོར་བྱས་ཏེ་བྱ་བའི་སྤྱོད་སྟངས་ཐད་དུ"ལས་སྒྲུབ"མི་སྣ་ལས"ཁྲོམ་ར"བསྒྲུབ་པར་འགྱུར་ལྡོག་དགོས་ལ་དཔུང་སྡེ་སྙིང་སྟོབསདང་ནུས་པ་འདོན་སྤེལ་བྱ་དགོས། དེ་ལྟར་རྩོམ་སྒྲིག་སྡེ་ཁག་དང་འགྲེམ་སྤེལ་སྡེ་ཁག་གི་མི་སྣ་ཐམས་ཅད་ཀྱིས་མཉམ་ལས་དམ་ཟབ་སྒོས་ཁེ་ལས་ཀྱི་འགོག་རྒོལ་ནུས་པ་ཆ་ཡོངས་སུ་འཛུགས་པའི་གཉེར་འཚོང་ལྟ་བ་ཆགས་ཐུབ་པ་བྱུང་ན། ད་གཟོད་བདག་གཉེར་གྲུབ་འབྲས་ཡིད་ཚིམ་པ་ཞིག་འཐོབ་ཐུབ།གཉིས། དཔེ་སྐྲུན་ཁང་སོ་སོས་ཁྲོམ་ར་གནས་ཁེལ་གྱི་འཐབ་ཇུས་ལ་ཤུགས་སྣོན་དགོས། མིག་སྔར་བོད་ཡིག་གཙོ་བོར་གཉེར་པའི་དཔེ་སྐྲུན་ཁང་བརྒྱད་ཡོད(མི་རིགས་དཔེ་སྐྲུན་ཁང་། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།) དཔེ་སྐྲུན་ཁང་དེ་དག་ཀྱང་མི་རིགས་འདུས་སྡོད་དང་ཆེད་ལས་ཀྱི་དགོས་མཁོ་ལྟར་སྔ་གཞུག་ཏུ་བཙུགས་པ་དང་། ལོ་ཡུན་དུ་མའི་རིང་གི་བརྩོན་ལེན་བརྒྱུད་འཕེལ་རྒྱས་ཀྱི་གཞི་ཁྱོན་ལ་ཧེ་བག་དེ་འདྲ་ཆེན་པོ་ཤོར་མེད། འོན་ཀྱང"མཛུབ་མོ་ལྔ་བོར་རིང་ཐུང་ཡོད་པ"བཞིན་དུ་འགྲིམ་འགྲུལ་སྟབས་བདེ་མིན་དང་ལྟེ་གནས་གྲོང་ཁྱེར་གྱི་གནས་ཡུལ་ཁྱད་པར། མ་དངུལ་གཏོང་ཚད། ལས་སྒྲུབ་མི་སྣའི་སྟོབས་ཤུགས། སྒོས་སུ་ཁྲོམ་རའི་དཔལ་འབྱོར་ལ་ངོས་ལེན་བྱེད་ཚད་བཅས་རྒྱུ་རྐྱེན་གང་མང་གི་དབང་གིས་དཔེ་སྐྲུན་ཁང་སོ་སོའི་མདུན་སྐྱོད་ཀྱི་གོམ་ཁ་ལ་དལ་མགྱོགས་བྱུང་བ་དང་། ད་ལྟ་བལྟས་ན་རིམ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། དཔེ་སྐྲུན་ཁང་སོ་སོ་འགྲན་རྩོད་ཀྱི་ཁོར་ཡུག་ཆེན་པོའི་ཁྲོད་དུ་རྐང་ཚུགས་ཐུབ་ཅིང་རྩ་བ་རང་བཞིན་གྱི་འཕེལ་རྒྱས་ཤིག་འབྱུང་དགོས་ན། ངེས་པར་དུ་རྒྱལ་ཁབ་ཀྱི་མི་རིགས་རིག་གནས་ལ་རྒྱབ་སྐྱོར་གྱི་སྲིད་ཇུས་དེ་ལག་བསྟར་དཔྱིས་ཕྱིན་གཙོ་དང་གཞུང་ལུགས་གསར་བ་ཞིག་གིས་དངོས་ཡོད་བྱ་བའི་ལག་ལེན་ལ་མཛུབ་སྟོན་བྱས་ཏེ་རང་སྟེང་གི་འབད་རྩོལ་བརྒྱུད་དུས་བསྟུན་མཉམ་སྐྱོད་དང་མཆོང་བརྒལ་རྣམ་པའི་འཕེལ་རྒྱས་ཡོང་ཐབས་བྱ་དགོས། དེ་ལྟར་དུ་མི་རིགས་དཔེ་སྐྲུན་ཁང་སོ་སོའི་དངོས་ཡོད་གནས་ཚུལ་ལ་གཞིགས་ན་ཐོག་མར་རང་དཔེ་སྐྲུན་ཁང་གི་ད་ཡོད་ཀྱི་ཁྲོམ་རའི་གནས་ཁེལ་ག་འདྲ་ཡིན་པར་ཞིབ་འཇུག་དང་ཇི་ལྟར་གནས་ཁེལ་བྱེད་པར་བསམ་བློ་གཏོང་དགོས། སྤྱིར་བཏང་དུ་བཤད་ན། ཁྲོམ་རའི་གནས་ཁེལ་ལ་ཐབས་ཇུས་རིགས་གསུམ་འདུས། ༡ངར་གཡོལ་གནས་ཁེལ།འདི་ནི་འགྲན་རྩོད་ཕ་རོལ་པ་སྟོབས་ཅན་གཡོལ་ནས་རང་ལམ་གསར་བ་ཞིག་ཕྱེ་བའི་ཁྲོམ་རའི་གནས་ཁེལ་ལ་ཟེར། དེའི་ཁྱད་ཆོས་གཙོ་བོ་ནི་འགྲན་རྩོད་ཕ་རོལ་པའི་ཞན་ཆ་སྤྱད་ནས་ཁྲོམ་རའི་སྟེང་དུ་གཟུགས་བརྙན་གསར་བ་ཞིག་གི་རྣམ་པས་ཀློག་པ་པོའི་མཉམ་འཇོག་བྱ་ཡུལ་འགུག་པ་དང་ཁྲོམ་རའི་བགོ་སྐལ་ངེས་ཅན་ཞིག་ཐོབ་པའོ། ། དེ་ལྟའི་གནས་ཁེལ་ཐབས་ཇུས་ནི་ཁྲོམ་རའི་ཉེན་ཁ་ཆུང་ཞིང་འགྲུབ་ཚད་མཐོ་བས། སྟོབས་ཤུགས་ཉམས་ཆུང་རིགས་ཀྱི་དཔེ་སྐྲུན་ཁང་གི་བདམས་ཆོས་ལ་འོས་པ་ཡིན། ༢གདོང་གཏུག་གནས་ཁེལ། འདི་ནི་དཔེ་ཆའི་ཁྲོམ་རའི་སྟེང་དུ་དབང་སྒྱུར་གྱི་གོ་གནས་བཟུང་ཡོད་པའི་འགྲན་རྩོད་ཕ་རོལ་པར"དངོས་གདོང་གཏུག་པའི"གནས་ཁེལ་རྣམ་པ་ཞིག་ཡིན། དེ་གོང་གི"ངར་གཡོལ་གནས་ཁེལ"གྱི་ཐབས་ཇུས་དང་བསྡུར་ན་ཅུང་ཉེན་མཆོང་རང་བཞིན་གྱི་གནད་དོན་འབྱུང་སྲིད་ཀྱང་། རང་ཁེ་ལས་འགྲན་རྩོད་ཕ་རོལ་པ་ལས་སྟོབས་དངོས་ཡོད་བསམས་ན། གནས་ཁེལ་དེ་བཀོལ་ཆོག་ཆོག་ཡིན། གལ་ཏེ་སྟེས་དབང་གིས་རྒྱལ་ཁ་ཐོབ་པ་ཡིན་ན་ཁྲོམ་རའི་བགོ་སྐལ་ཆེན་པོ་ཞིག་ཐོབ་ཐུབ་པ་སྨོས་མེད་དོ། །གནས་ཁེལ་འདི་འདེམ་སྒྲུག་གི་སྔོན་འགྲོའི་ཆ་རྐྱེན་ནི་རང་གཞན་ཕྱོགས་གཉིས་ཀར་རྒྱུས་ཤེས་ཐག་ཆོད་པ་ཡོད་དགོས་ཏེ། རང་ཕྱོགས་ཀྱི་སྟོབས་དངོས་དང་ཕ་རོལ་པའི་ཞན་ཆ་ལ་ཤེས་རྟོགས་གསལ་པོ་ཡོད་དགོས། གནས་ཁེལ་འདི་དཔེ་ཆའི་ཁྱབ་ཁོངས་ག་གེ་མོ་ཞིག་ཏུ་སྟོབས་དངོས་ཡོད་པ་དང་ཡང་ན་དཔེ་ཆའི་བདམས་ཆོས་སྣ་གཅིག་གམ་ཕྱོགས་གཅིག་གི་ཐད་དུ་གཞན་ཕ་རོལ་པ་ལས་མངོན་གསལ་ལེགས་ཆ་ཡོད་པ་ཞིག་ཡིན་ན་བཀོལ་འཚམ་པ་ཡིན། ༣ཡང་བསྐྱར་གནས་ཁེལ། འདི་ནི་འགྲེམ་སྤེལ་གྱི་ཚད་ཉུང་ཞིང་ཁྲོམ་རའི་སྣང་ཚུལ་ཞན་པའི་དཔེ་ཆར་བསྐྱར་དུ་གནས་ཁེལ་བྱེད་པ་ལ་ཟེར། གནས་ཁེལ་དེའི་དམིགས་ཡུལ་ནི་ཡུན་རིང་གི་སྤྱི་ཚོགས་རིག་གནས་རིན་ཐང་ལྡན་པའི་དཔེ་ཆར་སླར་ཡང་སྐྱེས་སྟོབས་ཀྱི་དཔལ་འབར་བ་དང་། ཡང་ན་དང་ཐོག་གནས་ཁེལ་བྱེད་སྐབས་ནོར་འཆུག་བྱུང་ཡང་བཅོས་སྒྱུར་དང་ཡོ་བསྲང་བརྒྱུད་ཁྲོམ་རའི་མངོན་མེད་ནུས་ཤུགས་ལྡན་པའི་དཔེ་ཆ་དེ་དག་གི་པར་གྲངས་སླར་ཡང་འཕར་བ་དེ་ཡིན། མཉམ་འཇོག་དགོས་པ་ཞིག་ལ་གནས་ཁེལ་འདི་བཀོལ་ན་ངེས་པར་དུ་རང་ཕྱོགས་ཀྱི་ལེགས་ཉེས་ལ་དབྱེ་ཞིབ་གསལ་ཐག་ཆོད་པ་ཞིག་ཡིན་དགོས།གོང་སྤྲོས་ཀྱི་དཔེ་ཆ་ཁྲོམ་རའི་གནས་ཁེལ་ཐབས་ཇུས་རིགས་གསུམ་པོ་ནི་ཆེ་མཐོང་ཁོར་ཡུག་དང་རང་སྟེང་ཆ་རྐྱེན། འགྲན་རྩོད་ཕ་རོལ་པ་བཅས་ལ་ཞིབ་འཇུག་བྱེད་པ་གཞིར་བཟུང་ནས་རང་གཞན་ཕྱོགས་གཉིས་ཀར་རྒྱུས་ལོན་གསལ་པོ་ཡོད་པའི་སྒོ་ནས་བྱུང་བ་ཞིག་ཡིན་ཞིང་འགྲན་རྩོད་ཆ་རྐྱེན་མི་མཚུངས་པའི་གནས་བབ་ལ་འོས་པ་ཡིན་སྟབས། དུས་ཚོད་དང་གནས་ཡུལ། དཔེ་ཆ་སོགས་གནས་ཚུལ་དངོས་ལྟར་དཔེ་སྐྲུན་ཁང་སོ་སོས་གང་འཚམ་གྱིས་ཐབས་ཇུས་དེ་རིགས་བཀོལ་ན་ད་གཟོད་གྲུབ་འབྲས་མི་ཆུང་བ་ཞིག་འཐོབ་ཐུབ།གསུམ། རྫས་རྟགས་གྲགས་ཅན་འཐབ་ཇུས་ལག་བསྟར་བྱས་ཏེ་འགྲན་རྩོད་ནུས་ཤུགས་མཐོ་རུ་འདེགས་པ། དེང་གི་སྤྱི་ཚོགས་སུ"རྫས་རྟགས་གྲགས་ཅན་འཐབ་ཇུས"ནི་བརྗོད་བྱ་གཙོ་བོར་གྱུར་ཡོད། དཔེ་སྐྲུན་ལས་རིགས་ཁྲོད་ཆེད་དུ་དཔེ་ཆ་ཐོན་སྐྱེད་དང་གཉེར་སྐྱོང་བྱ་ཡུལ་སྟེ་དཔེ་སྐྲུན་ཁང་ཡང་དེ་ལས་འདས་མེད། རྒྱུ་མཚན་ནི། རྫས་རྟགས་གྲགས་ཅན་གྱི་དཔེ་ཆ་ཡིས་ཕན་ནུས་ཆེན་པོ་བསྐྲུན་ཏེ་དཔེ་སྐྲུན་ཁང་གི་མཚན་སྙན་རྒྱས་པ་དང་དཔེ་སྐྲུན་ཁང་གི་དཔལ་འབྱོར་སྟོབས་དངོས་ལ་ཤུགས་སྣོན་པས་སོ། ། འོ་ན་ཅི་ཞིག་ལ་རྫས་རྟགས་གྲགས་ཅན་གྱི་དཔེ་ཆ་ཟེར་ཞེ་ན། སྨྱུག་འཛིན་པས་བལྟས་ན། རྫས་རྟགས་གྲགས་ཅན་གྱི་དཔེ་ཆ་ཞེས་བྱ་བ་ལ་ངེས་པར་དུ་ཆ་རྐྱེན་གསུམ་འཛོམ་དགོས་ཏེ། གཅིག་ནི་སྤུས་ཚད་རབ་ཏུ་མཐོ(ནང་དོན་དང་རྣམ་པ་གང་ཅིའི་ཐད)དགོས་པ་སྟེ་རྫས་རྟགས་གྲགས་ཅན་གྱི་དཔེ་ཆ་ཞིག་ཡིན་དགོས་ན་ངེས་པར་དུ་སྤུས་དག་ཡིན་དགོས། གཉིས་ནི་ཁྱད་ཆོས་འབུར་ཐོན་ཡིན་དགོས་པ་སྟེ་རྫས་རྟགས་གྲགས་ཅན་གྱི་དཔེ་ཆ་ཞིག་ཡིན་དགོས་ན་ངེས་པར་དུ་གསར་སྐྲུན་ཐོན་རྫས་ཡིན་དགོས། གསུམ་ནི་གཞི་ཁྱོན་ཅན་ཏེ་རྫས་རྟགས་གྲགས་ཅན་གྱི་དཔེ་ཆ་ཞིག་ཡིན་དགོས་ན་སྤྱིར་བཏང་དུ་དཔེ་ཆ་རབ་དང་རིམ་པ་ཞིག་གིས་གྲུབ་པ་ཡིན་དགོས། ཆ་རྐྱེན་སུམ་འཛོམས་ཀྱི་དཔེ་ཆ་འདི་ལྟ་བུ་ད་གཟོད་ཀློག་པ་པོས་དགའ་བསུ་དང་ད་གཟོད་ཁྲོམ་ར་རུ་བྲིན་ཐུབ། ད་གཟོད་ཆེས་ཆེ་བའི་ཡོངས་གྲགས་ཕན་ནུས་དང་དཔལ་འབྱོར་སྟོབས་ནུས་འདོན་ཐུབ། ང་ཚོས་ལོ་ངོ་དུ་མའི་རིང་ལ་ཁྲོམ་ར་རུ་རྒྱུག་པའི་བོད་ཡིག་གི་དཔེ་ཆ་སྤྱི་ལ་གཞིགས་ནས་ཞིབ་དཔྱད་བྱས་ན། ཁྱད་ཆོས་འདི་གསུམ་ག་འཛོམས་པའི་རྫས་རྟགས་གྲགས་ཅན་གྱི་དཔེ་ཆའི་གཉེར་འཚོང་འཐབ་ཇུས་ལག་ཏུ་བསྟར་བར་མི་རིགས་དཔེ་སྐྲུན་ཁང་སོ་སོས་མཐོང་ཆེན་བྱེད་ཀྱིན་ཡོད་ལ། དཔེ་ཆ་དེ་དག་ཇུས་འགོད་དང་པར་སྐྲུན་བརྒྱུད་དཔེ་སྐྲུན་ཁང་ལ་རང་བདག་གི་ཤེས་རིག་ཐོན་དབང་ཡོད་པ་དང་རང་གི་ཐུན་མིན་གྱི་ཁྱད་ཆོས་ཤིག་གྲུབ་ཡོད་པས། འབུར་དུ་དོད་པའི་དཔེ་ཆའི་ཁྱད་ཆོས་དེ་དག་དཔེ་སྐྲུན་ཁང་ཞིག་གི་རྫས་རྟགས་གྲགས་ཅན་དུ་གྱུར་ནས་དཔེ་སྐྲུན་ཁང་སོ་སོའི་མཚན་སྙན་གྲགས་དང་དཔལ་འབྱོར་སྟོབས་ཤུགས་རྒྱས་པ་ལ་གྲུབ་འབྲས་ཆེན་པོ་བཞག་ཡོད། དཔེར་ན་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་སྤུས་ལེགས་ཅན་གྱི་ནང་དོན་རིག་པའི་སྐོར་གྱི་དཔེ་ཆ་རིམ་གྲས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི《བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ》དང《མདོ་རྒྱུད་རིན་པོ་ཆེའི་མཛོད》《བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་བཞུགས་སོ》དེ་མིན་སྨན་གཞུང་དཔེ་ཚོགས་སོགས་གཞི་ཁྱོན་ཅན་གྱི་དཔེ་ཆ་ལྟ་བུ། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་རྒྱ་ཚིག་མཛོད་ཆེན་མོ》གཙོ་དང་ད་ལྟ་ཇུས་འགོད་བྱེད་བཞིན་པའི《བོད་ཡིག་ཚིག་མཛོད་ཆེན་མོ》སོགས་ཚིག་མཛོད་སྐོར་གྱི་དཔེ་ཆ་རབ་དང་རིམ་པ། ད་དུང་སྨན་གཞུང་གི་དཔེ་ཚོགས་ཏེ《བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས》སོགས་ལྟ་བུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དང་ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གི་དེང་རབས་བསམ་བློ་ཁྱད་ཆོས་མངོན་པར་མཚོན་པའི《རིག་གཞུང་གསར་བའི་དཔེ་ཚོགས》དང《བླ་དཔེ་ཚོགས》《བདག་དཔེ་ཚོགས》ལྟ་བུ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ཀྱི་ཐང་ཀ་ཀུན་བཏུས》དང《རྒྱུད་བཞིའི་བཀལ་ཐང》སོགས་ཐང་ཀའི་རིགས་གཙོ་བྱས་པའི་སྤུས་དག་ཅིང་གཞི་ཁྱོན་ཅན་གྱི་དཔེ་ཆ་ལྟ་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཇུས་འགོད་དང་པར་སྐྲུན་བྱས་པའི《བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ》ལྟ་བུའོ། ། དེར་བརྟེན། མི་རིགས་དཔེ་སྐྲུན་ཁང་སོ་སོས་ཀྱང་ངེས་པར་དུ་སྤུས་ཚད་མཐོ་ཞིང་གསར་སྐྲུན་ཐོན་རྫས་ཡིན་པ། དཔེ་ཆའི་སྡེབ་སྒྲིག་ངེས་ཅན་ཞིག་ལྡན་པའི་རྫས་རྟགས་གྲགས་ཅན་གྱི་འཐབ་ཇུས་བདག་གཉེར་བྱས་ཏེ་དམིགས་ཡུལ་ཀློག་པ་པོར་ཤེས་རྟོགས་ཚད་དང་མཛེས་ཉམས་ཚད། ཡིད་རྟོན་ཚད་བཅས་ཐོབ་པ་བརྒྱུད་དཔེ་སྐྲུན་ཁང་སོ་སོའི་མཚན་སྙན་གྲགས་མཐོར་འདེགས་དང་འཕེལ་རྒྱས་ཀྱི་རྗེས་ཤུགས་བསྣན་ནས་འགྲན་རྩོད་ཀྱི་ནུས་པ་ཇེ་མཐོར་གཏོང་བ་ཡང་རྗེས་ཕྱོགས་ཡུན་རིང་ཞིག་ལ་འབད་རྩོལ་བྱེད་དགོས་པའི་གནད་དམ་པ་ཞིག་གོ།བཞི། དཔེ་ཆའི་བརྡ་འཕྲིན་གྱི་དྲིལ་སྒྲོག་བྱ་བར་ཤུགས་སྣོན་དགོས། དཔེ་ཆའི་གཉེར་འཚོང་བྱ་བའི་ཁྲོད་དུ་དཔེ་ཆའི་མཚམས་སྦྱོར་བརྡ་ཁྱབ་སྤེལ་བ་དེ་དཔེ་ཆ་པར་སྐྲུན་གྱི་བྱ་བ་སྤྱི་ལས་གོ་གནས་གལ་ཆེན་བཟུང་ཡོད་སྟབས། དཔེ་ཆའི་བརྡ་འཕྲིན་གྱི་དྲིལ་སྒྲོག་བྱ་བར་ཤུགས་སྣོན་དགོས། དཔེ་ཆའི་དྲིལ་སྒྲོག་བྱ་བའི་ཁྲོད་དུ་ངེས་པར་དུ་དྲིལ་སྒྲོག་བྱ་ཡུལ་ཀློག་པ་པོའི་ཕྱོགས་སུ་འཁོར་དགོས་པ་དང་དྲིལ་སྒྲོག་བྱ་འགུལ་རབ་དང་རིམ་པ་བརྒྱུད་ཀློག་པ་པོ་རྣམས་ཀྱིས་དཔེ་ཆ་དེ་དག་ལ་ཐད་ཀར་དུ་རྒྱུས་མངའ་བ་དང་རང་དགར་འདེམ་སྒྲུག་བྱེད་པའི་ནུས་པ་འདོན་དགོས། དེ་ཡང་མཚམས་སྦྱོར་བརྡ་ཁྱབ་སྤེལ་བའི་ཐད་དུ་རྣམ་པ་གང་མང་སྤྱད་ཆོག་སྟེ། དཔེར་ན་རྫས་རྟགས་གྲགས་ཅན་གྱི་དཔེ་ཆར་དམིགས་བསལ་གྱིས་ཚོན་མདོག་ཅན་གྱི་སྤུས་ལེགས་དྲིལ་སྒྲོག་དཔེ་རིས་ཇུས་འགོད་བྱས་ཏེ་དཔེ་ཆ་འགྲེམ་སྤེལ་གྱི་གནད་ཁུལ་དུ་རྒྱ་ཆེར་སྤེལ་བ། སྨྱན་བྱེད་ཀྱི་གསར་འགོད་པ་གདན་དྲངས་ནས་བརྡ་འཕྲིན་ཁྱབ་སྒྲོག་ཚོགས་འདུ་སྤེལ་བ། རྒྱང་སྒྲོག་དང་བརྙན་འཕྲིན། བོད་ཡིག་གི་དྲ་བ་རུ་བསྟུད་མར་མཚམས་སྦྱོར་བརྡ་ཁྱབ་སྤེལ་པ་ལ་སོགས་སོ།། ད་ལྟ་བོད་རིགས་འདུས་སྡོད་ས་ཁུལ་གྱི་སྨྱན་བྱེད་ཚོགས་ལ་གསར་བརྗེ་རང་བཞིན་གྱི་འགྱུར་ལྡོག་བྱུང་དང་འབྱུང་བཞིན་ཡོད། (བརྙན་འཕྲིན་འཁོར་སྐར་དུ་བཏང་བ། རྒྱང་སྒྲོག་གི་གཏོང་ཡུན་རིང་བ། བོད་ཡིག་གི་དྲ་བ་གསར་ཐོན་བྱུང་བ། ཚགས་པར་གྱི་པར་ངོས་རྒྱ་སྐྱེད་པ་ལ་སོགས།)དོན་དག་དེ་ནི་དགའ་འོས་པ་ཞིག་དང་ལས་དོན་འཕེལ་རྒྱས་ཀྱི་དགོས་མཁོ་ཕྱིར་དུ་ཡིན་པ་གོར་མ་ཆག ཡིན་ན་ཡང་ལག་རྩལ་དང་རྣམ་པའི་སྟེང་འཕེལ་རྒྱས་བྱུང་བ་དེར་ནང་དོན་ཐད་དུ་ཅི་ཞིག་གིས་ཁ་སྐོང་བར་སྨྱན་བྱེད་ལས་ཁུངས་རྣམས་ཀྱི་མདུན་དུ་ལྷགས་པའི་དཀའ་ཁག་ཅིག་དང་དུས་ཡུན་ཐུང་ཐུང་ནང་དུ་སྒྱུར་ཐབས་མེད་པའི་དངོས་ཡོད་ཀྱི་འགལ་བ་ཞིག་ཏུ་གྱུར། མི་རིགས་དཔེ་སྐྲུན་ཁང་སོ་སོས་གོ་སྐབས་དེ་གཞིར་བཅས་ནས་རང་འགུལ་གྱིས་སྨྱན་བྱེད་ལས་ཁུངས་དེ་དག་དང་འབྲེལ་བ་སྒོས་གཉེར་འཚོང་གི་བསམ་བློས་རང་དཔེ་སྐྲུན་ཁང་གི་དཔེ་ཆ་མཚམས་སྦྱོར་ཇུས་འགོད་བྱས་ཏེ་རྣམ་པ་གང་མང(ཕན་ཚུན་གྲོས་བྱས་ཆོག)གིས་བསྟུད་མར་འགོད་གཏོང་བྱས་ན། གཅིག་ནས་སྨྱན་བྱེད་ཀྱི་ཚོགས་ལ་ལེ་ཚན་གྱི་ཐོན་ཁུངས་མཁོ་སྤྲོད་བྱས་པ་ཡིན་པ་དང་། གཉིས་ན་དཔེ་སྐྲུན་ཁང་སོ་སོའི་དཔེ་ཆའང་མཚམས་སྦྱོར་བརྡ་ཁྱབ་ཀྱི་འགྲོ་སོང་མི་དགོས་པའམ་ཡང་ན་ཅུང་ཞིག་གིས(ལེ་ཚན་ཐོན་ཁུངས་ཀྱི་འགྲོ་སོང་གི་ཚབ་བྱས་ཆོག)རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་བཀྲམ་པ་ཡིན་པས། སྤྱི་ཚོགས་དང་དཔལ་འབྱོར་གང་གི་ཕྱོགས་ནས་བལྟས་ནའང་ཕན་ཚུན་གཉིས་ཀར་དགེ་མཚན་ལྡན་པའི་དོན་དག་ཅིག་ཡིན། དེ་ཡང་རྣམ་པ་དང་ནང་དོན་གང་ཞིག་སྤྱོད་པ་དེ་ནི་སྐབས་བསྟུན་གྱི་གནས་ཚུལ་ལྟར་གང་ལ་གང་མཁོ་དང་དེ་ལ་དེ་འཚམ་གྱིས་ཕན་ཚུན་གྱི་གཉེར་འཚོང་ཇུས་འགོད་མི་སྣས་གྲོས་བསྡུར་སྒོས་བྱེད་ཐབས་སྣ་མང་སྤྱད་ཆོགགཞན་ཡང་། དཔེ་ཆའི་རིན་གོང་གཏན་ལ་ཕབ་པ་དེ་ཡང་གཉེར་འཚོང་གི་ནང་དོན་གལ་ཆེན་ཞིག་ཡིན་པས། དཔེ་ཆ་མངག་ཉོ་བྱས་པའི་དཔར་གྲངས་དང་དཔེ་སྐྲུན་ཁང་ཕན་ཚུན་གྱི་དཔེ་ཆའི་རིན་གོང་འཇོག་སྟངས་ཀྱི་ཚད་གཞི། ཕན་ཚུན་ཁྲོམ་རའི་འགྲན་རྩོད་ཀྱི་དགོས་མཁོ། ཀློག་པ་པོའི་དཔལ་འབྱོར་གྱི་ཁུར་ཐེག་ནུས་པ། རང་དཔེ་སྐྲུན་ཁང་གི་དཔལ་འབྱོར་ནུས་པ་བཅས་རྒྱུ་རྐྱེན་གང་མང་ལ་ཞིབ་དཔྱད་དཔྱིས་ཕྱིན་པར་བཏང་ནས་རིན་གོང་འོས་ཤིང་འཚམ་པ་འཇོག་དགོས། ཁྲོམ་རའི་དཔལ་འབྱོར་གཏིང་ཟབ་ཏུ་བགྲོད་པ་དང་བསྟུན་བོད་ཡིག་དཔེ་ཆའི་དཔེ་སྐྲུན་དང་འགྲེམ་སྤེལ་གང་ཅིའི་ཐད་ལའང་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ངེས་པ་སྨོས་མེད་ཅིག་རེད། ཡིན་ཡང་ང་ཚོས་ལྷག་བསམ་ཟོལ་མེད་ཀྱི་བྱ་བའི་སྤྱོད་སྟངས་བཟུང་ནས་རང་འགུལ་གྱིས་རང་སྟེང་གི་ལེགས་ཉེས་ཀྱི་ཕྱོགས་ལ་ཡང་ཡང་སྤྱི་བསྡོམས་ཏེ་སྔོན་ཐོན་གྱི་དོ་དམ་ལྟ་བ་དང་སྒོས་སུ་འཚོང་གཉེར་གྱི་བྱ་གཞག་ལ་སློབ་སྦྱོང་དང་ལག་བསྟར་དུ་བཀོལ་ན། བོད་ཡིག་དཔེ་ཆའི་ཁྲོམ་རར་ཡིད་དུ་འོང་བའི་འཕེལ་རྒྱས་མདུན་ལྗོངས་ཤིག་མངའ་བ་གདོན་མི་ཟའོ། །


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།