ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་བོད་ལུགས་དད་མོས་ཞིབ་འཇུག་ཅེས་པའི་དཔྱད་རྩོམ་པར་དུ་བསྐྲུན་པ།

2.jpg

1.jpg

རྩོམ་པ་པོ་སྟག་རིག་རྟ་མགྲིན་རྒྱལ།

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི“985ལས་གྲྭའི”ཀྲུང་གོའི་དེང་རབས་མི་རིགས་གནད་དོན་གྱི་འཐབ་ཇུས་ཞིབ་འཇུག་ལས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གསར་གཏོད་རྟེན་གཞིའི་ཞིབ་འཇུག་ལས་གཞི་སྟེ།《ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་བོད་ལུགས་དད་མོས་ཞིབ་འཇུག》ཅེས་པའི་དཔྱད་རྩོམ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།དཔྱད་རྩོམ་འདིའི་ནང་མདོ་སྨད་བོད་ཁུལ་དུ་དར་བའི་རྒྱ་ལྷ་བིན་ཆཱང་ཏིས་ཇུན་དད་མོས་ཀྱི་རིག་གནས་སྣང་ཚུལ་ལ་ཕྱོགས་ཡོངས་ནས་དཔྱད་པ་གང་ནུས་བཏང་ཡོད། དེ་ཡང་བིན་ཆཱང་ཏིས་ཇུན་ཞེས་བྱ་བ་ནི། ཀྲུང་གོའི་གོང་མ་མང་པོས་ཐུགས་དམ་དུ་བསྟེན་པའི་ལྷ་ཆེན་ཞིག་དང་། རྒྱ་ཡུལ་དུ་དར་ཁྱབ་ཆེ་བའི་དམངས་ཁྲོད་དད་མོས་ཆེན་པོ་ཞིག་ཀྱང་ལགས། རྒྱ་ལྷ་འདིའི་བོད་སྐད་ཀྱི་མཚན་ལ་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་ཞེས་བྱ་ཞིང་། བོད་མིང་དེ་ནི་ད་ལྟའི་དུས་ཙམ་ལ་གསར་དུ་བཏགས་པ་ཞིག་མ་ཡིན་པར། དུས་རབས་བཅུ་བདུན་པའི་སྔོན་ཙམ་ནས་དེ་ལྟར་དུ་ཐོགས་ཏེ་ས་འདིའི་བོད་མི་རྣམས་ལ་འབོད་གོམས་སུ་སོང་ཡོད། རྒྱ་ལྷ་འདི་ལ་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་ཟེར་དོན་ནི། མདོ་སྨད་བོད་ཡུལ་དུ་དར་བའི་བིན་ཆཱང་ཏིས་ཇུན་གྱི་དད་མོས་དེ་ས་གཞན་གྱི་རྒྱ་ལྷ་བིན་ཆཱང་གི་དད་མོས་ནི་མ་ཡིན་པར། ཁྲི་ཀའི་ཡུལ་དུ་བཞུགས་པའི་ཨ་མྱེས་ཡུལ་ལྷའི་དད་མོས་འབའ་ཞིག་ཡིན་སྟབས། ས་གང་ནས་ཀྱང་རྒྱ་ལྷ་འདི་ལ་ཁྲི་ཀའི་ཨ་མྱེས་ཡུལ་ལྷའམ་ཁྲི་ཀའི་ཡུལ་ལྷ་ཞེས་ཀུན་གྱིས་འབོད་པར་བྱེད། རྒྱུ་མཚན་དེའི་ཕྱིར། དཔྱད་རྩོམ་འདིའི་ནང་རྩོམ་པ་པོས་ཐོག་དང་པོར་ཁྲི་ཀའི་ཡུལ་ནི། བོད་དུ་བྱུང་བའི་བིན་ཆཱང་ཏིས་ཇུན་དད་མོས་ཀྱི་ཐོག་མའི་ཕ་ས་དང་། ཁྲི་ཀའི་ཤན་འབེན་ཕོ་བྲང་དུ་འབོད་པ་དེ་ནི། བོད་ཁམས་སུ་བཞུགས་པའི་ཨ་མྱེས་ཡུལ་ལྷའི་ལྷ་ཁང་ཐམས་ཅད་ཀྱི་ཁུངས་དང་ཕྱི་མོ་རེད་ཅེས་ཁ་ཚོན་བཅད་ནས་དམ་བཅས་ཡོད། 

བིན་ཆཱང་དད་མོས་ཁྲི་ཀའི་ཡུལ་དུ་དར་བའི་ལོ་རྒྱུས་ཤིན་ཏུ་སྔ་སྟེ། ཕལ་ཆེར་ཧོར་གྱི་རྒྱལ་རབས་ཚུགས་དུས་ནས་བྱུང་ཡོད་པར་གསལ། རང་རེས་དུས་ཕྱིས་ཀྱི་བསང་ཡིག་རྣམས་ལས་མཐོང་བ་ནི།  དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་དུས་སུ་སླེབས་པ་ན། མདོ་སྨད་ཀྱི་བོད་ཁམས་མང་པོས་ཁྲི་ཀའི་ཨ་མྱེས་ཡུལ་ལྷ་སྲུང་མར་བཀུར་ནས་གསོལ་མཆོད་བྱེད་བཞིན་པ་མཐོང་ཞིང་། དེང་སང་ལྷ་འདི་མཆོད་པའི་ཡུལ་ཁམས་ལ་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ལུང་མང་ཆེ་བ་དང་ཀན་སུའུ་ཞིང་ཆེན་གྱི་ས་ཆ་འགའ་རེ། གཞན་ཡང་ནང་སོག་གི་མཁར་སྔོན་པོ་དང་ལྷ་ས་འབྲས་སྤུངས་དགོན་པའི་ཀླུ་འབུམ་ཁམས་ཚན་སོགས་ཡོད་ལ། བོད་ཁམས་སུ་བཏབ་པའི་བོད་ལུགས་ཀྱི་ཨ་མྱེས་ཡུལ་ལྷའི་ལྷ་ཁང་ལ་ཡང་ཞལ་གྲངས་ལྔ་བཅུ་ལ་ལོངས་པ་བཞེངས་ཡོད། དེ་ཡང་ལྷ་འདིའི་མཆོད་བཀུར་བོད་ཁམས་རྒྱ་ཆེ་བ་འདི་འདྲ་ལ་དར་ཁྱབ་འབྱུང་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་དེ་ནི། ཆེན་པོ་གོང་མའི་དབུ་བླ་རྣམས་ཀྱིས་ལྷ་འདི་བསྟེན་ནས་སྲུང་མར་བཀུར་བ་ལ་ཐུག་ཡོད་པ་སྟེ། ཆིང་རྒྱལ་རབས་སྐབས་རྒྱལ་ས་ཕོ་བྲང་པེ་ཅིང་མཁར་དུ། གོང་མའི་དབུ་བླར་རྒྱུན་བཞུགས་བྱེད་མཁན་བོད་ཀྱི་བླ་ཆེན་བརྒྱད་བྱུང་ཡོད་པའི་ནང་།  དབུ་བླ་ཆེན་པོ་བཞིས་ཁྲི་ཀའི་ཡུལ་ལྷ་ཉེ་བར་བསྟེན་ནས་མཆོད་བཀུར་གནང་ཡོད།

ཡུལ་འདིར་བིན་ཆཱང་དད་མོས་དར་བའི་ལོ་ཟླ་རིང་མོའི་ནང་། ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་མཆོད་བཀུར་གྱི་རིམ་པ་ཐམས་ཅད་ལ་བོད་ཀྱི་ཆོས་ལུགས་དད་མོས་ཀྱི་ཁྱད་ཆོས་ཀུན་ནས་བྱུང་སྟེ་བོད་ལུགས་ཅན་དང་ས་གནས་ཅན་དུ་སོང་ཡོད་པ་དང་། དེ་ལ་དེ་ལྟར་འབྱུང་ཐུབ་པའི་རྒྱུ་མཚན་གཙོ་བོ་ཡང་། ཁྲི་ཀའི་ཡུལ་ནི་སྔར་བཙན་པོའི་དུས་སྐབས་ནས་ཆོས་ལུགས་རིག་གནས་ཤིན་ཏུ་དར་ཆེ་བ་དང་། ཆོས་ཀྱི་རྟེན་གནས་གྲགས་ཅན་མང་པས་ད་ལྟ་ཡང་ཁྲི་ཀ་རྟེན་རྫོང་དུ་འབོད་པ་དེ་ལྟར་ལ། སྒོས་སུ་བསྟན་པ་ཕྱི་དར་གྱི་སྐབས་སུ་བོད་ཀྱི་བསྟན་པའི་མེ་རོ་གསོ་སའི་ཡུལ་གྱི་ལྟེ་སྙིང་ཡིན་པ་བཅས་ཀྱིས། ཡུལ་འདི་ལ་གཞན་གྱི་རིག་གནས་ཀྱིས་ཚུར་བཏུལ་དཀའ་ཞིང་རང་གི་རིག་གནས་ཀྱིས་ཕར་འདུལ་སླ་བའི་ཆོས་ལུགས་དང་རིག་གནས་ཡུལ་སྲོལ་གྱི་འགོག་རགས་བཙན་པོ་ཡོད་པ་དེ་ཕྱིར་རོ།།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།